ཟླ་9ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ལི་ཝུན་ཧན། ཉི་མ་ཚེ་རིང་། མཱ་ཧྲེང་ཁྲང་། ཝང་ཅུན་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ལྗོངས་ཏང་ཨུད་རྩ་འཛུགས་པུས་མི་དོན་བསྐོ་འཐེན་སྐོར་གྱི་དོན་ཚན་ལ་གསལ་བཤད་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གྱི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཕུལ་ནས་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས་གྲོས་འཆམ་ཡང་བྱུང་བ་རེད། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་སྤྲོད་དང་ཆུ་སྤྱོད་སྲོལ་ཡིག》སྐོར་གྱི་གསལ་བཤད་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་སྤྲོད་དང་ཆུ་སྤྱོད་སྲོལ་ཡིག》གི་ཞིབ་དཔྱད་སྙན་ཞུ་བྱས་ནས་ད་ཐེངས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞིབ་དཔྱད་བྱ་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས་ཆོག་མཆན་ཡང་ཐོབ་ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》སྐོར་ལ་གསལ་བཤད་བྱས་པ་དང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས《བོད་རང་སྐྱོང་ལྗོངས་མི་དམངས་འདུམ་འགྲིག་སྲོལ་ཡིག(འཆར་ཟིན)》སྐོར་ལ་གསལ་བཤད་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་བྱས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་མི་དམངས་འདུམ་འགྲིག་སྲོལ་ཡིག(འཆར་ཟིན)》ཞིབ་དཔྱད་བསམ་འཆར་སྐོར་གྱི་སྙན་ཞུ་བྱས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་གནས་ཚུལ་དང་། 2018ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2018ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞི། ལྗོངས་ཡོངས་ཀྱི་འགོ་ནད་འགོག་བཅོས་ལས་དོན་དང་འགོ་ནད་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་བཅས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་། 2018ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2018ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་ཞིབ་དཔྱད་བྱས་འབྲས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་སྙན་ཞུ། འགོ་ནད་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བཅའ་ཁྲིམས》དང་དེ་བཞིན་རང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ། ལྗོངས་ཡོངས་ཀྱི་2017ལོའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཆེད་དོན་སྙན་ཞུའི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་འབྲོག་ཁོར་ཡུག་ཐོན་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་འཐུས་མིའི་ཐོབ་ཐང་ཞིབ་དཔྱད་ཨུ་ལྷན་གྱི་སྙན་ཞུ་བཅས་གསན་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལག་དེབ》སྤྲད་དེ་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་དང་། བཅའ་ཁྲིམས་ཤེས་བྱ། མི་དམངས་འཐུས་ཚོགས་ཀྱི་ལས་སྒོ་སློབ་སྦྱོང་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འཐུས་མིའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་འཐུས་མིའི་ལས་ཀ་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཐུས་མིས་ཁྲིམས་ལྟར་ལས་འགན་འཁྲི་བསྒྲུབ་རྒྱུར་ཞབས་འདེགས་ཡག་པོ་ཞུ་བ་དང་འགན་ལེན་ཏན་ཏིག་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།