ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྗོངས་སློབ་གསོ་ཐིང་དང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རར་ཕེབས་ཏེ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་འཛུགས་སྐྲུན་དང་བེད་སྤྱོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའང་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲོང་ཡན་དང་བཅས་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་དང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆ་འཕྲིན་དོ་དམ་མ་ལག མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཆ་འཕྲིན་ལས་སྟེགས་སོགས་གྲངས་གཞི་ཆེ་མོའི་ལས་སྟེགས་འཛུགས་སྐྲུན་དང་འཁོར་རྒྱུག་གནས་ཚུལ་ལ་ཞིབ་ཕྲ་གཟིགས་རྗེས་ད་དུང་རང་ལྗོངས་ཀྱི་2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་སྐབས་བསྟུན་འཐེན་བཤེར་ཡང་གནང་བ་རེད། “སྐུ་ཁམས་བཟང་། ང་ཚོས་ཁྱེད་ཀྱི་ལས་ཞུགས་གནས་ཚུལ་ལ་བསྐྱར་འདྲི་ཞིག་བྱ་རྩིས་ཡོད། ཁྱེད་ད་ལྟ་གང་དུ་ལས་ཞུགས་ཐུབ་ཡོད་དམ། ལས་ཞུགས་ཀྱི་གན་རྒྱ་བཞག་ཡོད་དམ། གླ་ཕོགས་དང་ཐོབ་ཆ་གང་འདྲ་འདུག”ཅེས་དྲིས་པར་སྐབས་བསྟུན་འདྲི་རྩད་བྱས་པའི་སློབ་ཆེན་སློབ་མའི་ལན་དང་གྲངས་གཞི་ཆེ་མོའི་ལས་སྟེགས་སུ་ཐོ་བཀོད་བྱས་པའི་གནས་ཚུལ་གཞི་རྩའི་ཆར་མཐུན་པས་ཀྲོང་ཡན་ཐུགས་ཡིད་ཚིམ་པོ་བྱུང་ཞིང་། ཁོང་གིས་གྲངས་གཞིའི་ལས་སྟེགས་ཁག་གིས་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་མ་ལག་སྔར་བས་རིམ་སྤོར་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་ཞུགས་ཀྱི་བསྡོམས་རྩིས་གྲངས་གཞི་དུས་ཐོག་དང་། ཡང་དག བཅོས་མིན། བློས་འགེལ་ཆོག་པ་བཅས་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
དེ་རྗེས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་ཆུང་ཁག་དང་གྲོང་ཁྱེར་དང་ས་ཁུལ་གྲོང་ཁྱེར་བདུན་གྱི་གནས་ཚུལ་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྲིད་ཇུས་གསལ་འགྲེལ་ཡག་པོ་བྱས་ཏེ་དུས་ཐོག་ཏུ་ལས་ཀའི་སྔོན་ཇུས་བཟོས་ནས་ལས་ཞུགས་ཀྱི་དུས་བབ་ལ་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་ཡག་པོ་གཏོང་དགོས་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཞབས་ཞུ་གནད་ལ་སྨིན་པ་དང་མི་སེམས་དྲོ་བར་བྱེད་དགོས་པ། ལས་ཞུགས་དབུལ་སྐྱོར་ལག་ལེན་ཤུགས་ཆེན་བསྟར་ཏེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཡག་པོ་བྱས་ཏེ་གསོ་སྦྱོང་ལ་ཞུགས་མྱོང་བ་དང་ལས་ཞུགས་ཀྱི་འདུན་པ་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་གསོ་སྦྱོང་དང་ལས་ཞུགས་ཐུབ་པ་བྱེད་དགོས་པ། ལས་གཏོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་གསར་གཏོད་ལས་གཏོད་ཁེ་ལས་ལ་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུཌ་ཐུབ་མེད་པའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་དགོས་པ། རིམ་ཁག་སྲིད་གཞུང་དང་མི་སྤྱི་སྡེ་ཚན་གྱིས་ལས་ཞུཌ་ལས་དོན་ལ་འགོ་ཁྲིད་དང་མཐུན་སྦྱོར་བྱེད་ཤུཌ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
ཀྲོང་ཡན་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ནི་རང་ལྗོངས་ཀྱི“ལས་ཞུགས་བརྟན་པོ”ཡོང་བའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་རེད་ལ་དམངས་འཚོའི་དོན་ཆེན་དང་པོའང་རེད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བའི་དོན་ཆེན་ལ་བརྩིས་ཏེ་དམ་འཛིན་བྱེད་དགོས་པ་དང་། ཐོག་མར་ལས་ཞུགས་བྱེད་ཚད་དང་། ལས་ཞུགས་ཐུབ་ཚད། ལས་གནས་བརྟན་པོ་ཡོད་ཚད་བཅས“ཚད་གཞི་གསུམ”གྱི་གྲངས་གཞི་བཅོས་མིན་ཡང་དག་ཡོང་བ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ཚད་མཐོ་བའི་ལས་ཞུགས་ཐབས་ལམ་སྔར་བས་ཡངས་སུ་གཏོང་བ་དང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མར“གཅིག་གཏད་གཅིག”གི་སེམས་དྲོད་ཞབས་འདེགས་ཞུ་དགོས་པ། སློབ་ཆེན་སློབ་མའི“གཉིས་གཏོད”ལས་སྟེགས་འཛུགས་མགྱོགས་སུ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་ཞིབ་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ལམ་ལུགས་བཙུགས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་པ་དང་ལས་གཏོད་ལམ་ལྷོངས་ཡོང་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང《རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་མིང་ངོ་མ་འགོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》(ཞིབ་བཤེར་ལ་འབུལ་རྒྱུའི་མ་ཟིན)ལ་གྲོས་ཞིབ་བྱས་པ་རེད།