དབུ་ཤོག>སྲིད་དོན།
  • ཝུའུ་ཝུའེ་ཧྭ་ཡིས་ལྷ་སར་དེང་རབས་ཞིང་ལས་དང་དབུལ་སྐྱོར་གནས་སྤོས་ལས་དོན་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-09-11

    ཟླ་9ཚེས་7ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་། ད་གམ་ས་རིག་སློབ་གས་ཀྲུང་དབྱང་གི་ཀྲུའུ་ཞི། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་བཅས་ཡིན་པའི་ཝུའུ་ཝུའེ་ཧྭ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་ཕེབས་ནས་ས་མཐོའི་དེང་རབས་ཞིང་ལས་དང་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ས་མཐོའི་ཁྱད་ལྡན་དང་བོད་ཁོ་ནར་ལྡན་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་ཐོན་ལས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་མཉམ་དུ་ཕེབས་ཡོད་པ་རེད། 

    ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་གྱི་དུས་ཐེངས་དང་པོའི་ས་ཁྱོན་མུའུ་2500ལ་དཔལ་འབྱོར་ལོ་ཏོག་སྣ་ཁ་40ཙམ་ཚོད་འདེབས་བྱས་ཡོད་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཁ་40ཙམ་ལས་སྣོན་ཐོན་སྐྱེད་བྱས་ཡོད། ཝུའུ་ཝུའེ་ཧྭ་ཡིས་སྔ་རྗེས་སུ་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་ཁུལ་དང་། གླིང་ཁུལ་འགྲེམས་སྟོན་ཁང་། རྒྱ་སེ་མེ་ཏོག་ལས་སྣོན་འཁོར་ཁང་། ཀོ་ཤ་འདེབས་གསོའི་དྲོད་ཁང་ཆེ་མོ་བཅས་ལ་སྔ་རྗེས་སུ་གཟིགས་སྐོར་གནང་ནས་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་དང་ས་གཙང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་མ་ཟད། སྣེ་ཁའི་འབྱུང་ཁུངས་དང་། ལོ་ཏོག་འདེབས་འཛུགས། ཐོན་སྐྱེད་ལས་སྣོན། ཐོན་རྫས་རིན་གོང་། བྲིན་ཚོང་ཐབས་ལམ། དཔལ་འབྱོར་ཕན་འབྲས། གཉེར་སྐྱོང་བྱེད་ཐབས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཁར། གླིང་ཁུལ་གྱི་ཚན་རྩལ་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཁོང་གིས་བོད་ནི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་གལ་ཆེན་ཞིག་ཡིན་པས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་ལེགས་ཆ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་པོ་ལྡན་ཡོད། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ལེགས་སྣ་ཁ་དང་། སྤུས་ཚད་མཐོར་གཏོང་། སྤུས་རྟགས་གཏོད་པ་བཅས་ལ་དམ་འཛིན་ནན་པོ་བྱེད་པ་དང་། ས་མཐོའི་ཁྱད་ལྡན་དང་བོད་ཁོ་ནར་ཡོད་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ནས་བོད་ཀྱི་ཞིང་འབྲོག་ལས་དེ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཐོན་ལས་རྟེན་གཞི་དང་ཞིང་འབྲོག་ཚན་ཞིབ་ཁང་དང་སུའོ་དང་མཉམ་ལས་གཏིང་ཟབ་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཚན་རྩལ་ཤེས་ལྡན་མི་སྣ་གཞི་རིམ་དུ་བསྐྱོད་དེ་ཞིང་འབྲོག་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད། 

    ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲོང་ཚོ་ཞིག་ཡིན་པ་དང་ཁྱོན་དུད་ཚང་དབུལ་པོ་273དང་མི་1256སྤོས་ཡོད། འགྲེམས་པང་ལ་གཟིགས་བཞིན་ཝུའུ་ཝུའེ་ཧྭ་ཡིས་གྲོང་ཚོ་དེའི་ཡུལ་གཞན་དུ་གནས་སྤོས་དང་། ལས་ཞུགས་གཞན་སྒྱུར། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། མང་ཚོགས་ཚེ་རིང་དང་བདེ་སྐྱིད་པད་མའི་ཁྱིམ་དུ་ཕེབས་ནས་ཁོང་ཚོར་ཡོང་འབབ་གང་འདྲ་ཡོད་མེད་བཀའ་འདྲི་གནང་བ་མ་ཟད། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཡང་མཁྱེན་རྟོགས་གནང་བ་རེད། གནས་སྤོས་མང་ཚོགས་ཀྱིས་ཚལ་སྣེའི་ས་གཙང་བདེ་ཐང་ཐོན་ལས་གླིང་ཁུལ་དང་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་ནང་ཞུགས་ནས་ཡོང་འབབ་རྒྱུན་ཆད་མེད་པར་འཕར་ཏེ། ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་གཟིགས་སྐབས། ཝུའུ་ཝུའེ་ཧྭ་ཡིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད། མང་ཚོགས་ཀྱི་ཁྱིམ་ཚང་ནས་ཞལ་གྱེས་སྐབས་ཁོང་གིས་བཀྲ་ཤིས་བདེ་ལེགས་ཞེས་གསུངས་ནས་ཁོང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།