ཚེས་5ཉིན་གྱི་སྔ་དྲོ་2018ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་སྐྱོད་བྱེད་སྒོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་པ་དང་འབྲེལ་འགོ་ཚུགས་མཛད་སྒོ་ཡང་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་2018ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་སྐྱོད་བྱེད་སྒོ་ནི་མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་གྱི་འགན་ནུས་སྒྲུབ་པའི་རྣམ་པ་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་འཛིན་དགོས་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་སྐུལ་འདེད་གཏོང་རྒྱུ་རྩ་བའི་བླང་བྱར་འཛིན་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་ལེན་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་རྩ་བའི་འགན་འཁྲིར་བརྩི་དགོས། འགན་འཁུར་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཕན་འབྲས་ཏན་ཏིག་ཐོབ་ཐུབ་པའི་བརྩོན་ལེན་བྱེད་དགོས། ཁྲིམས་ལྟར་ལྟ་སྐུལ་ནན་པོ་བྱེད་དགོས་ཤིང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་གཞིར་བཟུང་བ་དང་། ཁྲིམས་གཏན་འཁེལ་བའི་ཁྱབ་ཁོངས་ལས་མི་བརྒལ་བ། ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་བརྩི་སྲུང་ཞུ་བ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་འགན་དབང་ལེགས་པར་སྤྱོད་དགོས། ཞིབ་བཤེར་བྱེད་སྟངས་གསར་གཏོད་བྱེད་དགོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞི་རིམ་གྱི་མང་ཚོགས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་དགོས་པ་དང་། ཐུན་མོང་རང་བཞིན་ལྡན་པའི་གནད་དོན་མཐིལ་རྟོགས་བྱེད་དགོས་པ། རིན་ཐང་ལྡན་ལ་གནད་ལ་འཁེལ་བའི་ཁ་གཏད་འཇལ་ཐབས་དང་གྲོས་འགོ་འདོན་དགོས་པ་མ་ཟད། ད་དུང་བཅོས་སྒྲིག་དག་ཐེར་དོན་འཁྱོལ་ལ་ལྟ་སྐུལ་ཡང་བྱེད་དགོས། མཉམ་སྒྲུབ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གི་འགོ་ཁྲིད་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་ཁྱབ་པར་བྱེད་པ་དང་། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་ལ་ལྟ་སྐུལ་བྱེད་པའི་ལས་དོན་དེ་ཁོང་ཚོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བྱེད་སྒོ་སྤེལ་བ་དང་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་དག་ཐེར་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་དགོས་ཤིང་། འབད་འབུངས་ལྷོད་མེད་དང་། ཁོར་ཡུག་སྐྲུན་པ། སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་རྣམ་པའི་ཐོག་ནས་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འགོ་ཚུགས་མཛད་སྒོའི་ཐོག་བློ་བཟང་རྒྱལ་མཚན་གྱིས་རྫོང་5ལ་དར་ཆ་གནང་བ་དང་2018ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་སྐྱོད་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།