ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལས་དོན་བཀོད་འདོམས་པུའི་2018ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་སྟེ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ཚོགས་ཆུང་གི་ལྟ་སྐུལ་ཞིབ་བཤེར་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་དང་། རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་སྐུལ་འདེད་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་དམིགས་ཚད་གཙོ་བོའི་མ་ལག་དང་2018ལོའི་རྣམ་གྲངས་འཛུགས་སྐྲུན་འཆར་གཞི་ཁག་དང་པོར་གྲོས་ཞིབ། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་མཐའ་སྲུང་མཐའ་བརྟན་དང་མཐའ་དར་མཐའ་བརྟན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དམག་དཔུང་འདུས་སྡོད་དང་དམངས་བདེ་གཉིས་དུས་གཅིག་ཏུ་སྤེལ་བ་དང་མཐའ་བརྟན་དང་མཐའ་དར་གཉིས་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ནན་པོ། དམིགས་ཚད་ལས་འགན་ཁ་གསལ་བཟོ་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཡན་གྱིས་མིག་སྔར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འཆར་འགོད་བླང་བྱ་གཞིར་བཟུང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་ཕན་འབྲས་ཐོན་ཡོད། ལག་ལེན་ལས་ར་སྤྲོད་བྱས་པར། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ནི་རྦད་དེ་ཡང་དག་པ་ཞིག་ཡིན་ལ། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
ཀྲོང་ཡན་གྱིས་ཉེ་དུས་་རང་སྐྱོང་ལྗོངས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ཚོགས་ཆུང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་གནད་དོན་ཁག་གཅིག་གནས་པ་ཤེས་རྟོགས་བྱུང་ཡོད། ང་ཚོས་ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་རྣམས་དག་ཐེར་གནད་ལ་འཁེལ་ཐུབ་པ་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་གྱི་སྡེ་ཚན་ཁག་གིས་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་བུན་དོན་གནད་དོན་དུས་ཐོག་ཏུ་སེལ་དགོས། འཆར་འགོད་དང་འཆར་གཞི་ལག་བསྟར་ནན་པོ་བྱེད་པ་དང་ཉིན་རེའི་ལས་ཆོད་ཁོང་དུ་ཆུད་པ་བྱེད་པ་ལས་མུན་འཐོམས་ངང་མདུན་མཆོང་གཏན་ནས་བྱེད་མི་རུང་། མ་དངུལ་གང་མགྱོགས་བསྡུ་སྒྲིལ་བྱས་ནས་དུས་ཐོག་ཏུ་དམིགས་སར་འབྱོར་བ་བྱེད་དགོས། སྒྲིག་སྦྱོར་ཅན་གྱི་བཟོ་སྐྲུན་ལ་སྐུལ་ལྕག་དང་མང་ཚོགས་ཀྱི་རེ་འདོད་ལ་བརྩི་འཇོག་གང་ལེགས་བྱས་ནས་མང་ཚོགས་ཀྱིས་ཁས་ལེན་པ་དང་། མ་རྩ་ཚོད་འཛིན་ཐུབ་པ། སྤུས་ཚད་འགན་ལེན་ཐུབ་པ་བཅས་བྱེད་དགོས། ཡོམ་འགོག་གི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་སྤུས་ཚད་ཀྱི་འགག་སྒོ་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་དགོས། གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་གཙོ་བོར་འཛིན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་ལས་གང་བྱུང་དུ་བཤིག་པ་དང་འཛུགས་སྐྲུན་འབོར་ཆེན་སོགས་གཏན་འགོག་བྱེད་དགོས་ལ། འཆར་གཞི་དང་ཚད་གཞི་ལས་བརྒལ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་འཛུགས་སྐྲུན་རྣམ་གྲངས་དུས་ཐོག་ཏུ་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།