དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-29

     ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་ལས་ཡུལ་དང་། ཇོ་མོ་གླང་མའི་ཀུན་གཏོད་བར་མཐོངས། དམངས་གཉེར་ཁེ་ལས་ཁག་གཅིག་བཅས་སུ་ཕེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་གནས་ཚུལ་དང་། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་གཏོད་གནས་ཚུལ། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་བཅས་མཁྱེན་རྟོགས་གནང་བ་རེད། 

    གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་དེ་གཞིས་རྩེ་གྲོང་ཁུལ་གྱི་ལྷོ་རྒྱུད་དུ་གནས་ཤིང་། ཀྲོང་ཡན་དང་བཅས་པ་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ནས་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་ནན་ཏན་ངང་གསན་ཞིང་། ཁོང་གིས་གསར་སྤེལ་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་སེལ་རྒྱུ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་གྲུབ་ཆ་དང་། ཐོན་ལས་ཀྱི་གྲུབ་ཆ། 

    རྒྱུ་རྐྱེན་གཙོ་བོའི་གྲུབ་ཆ་འཕར་སྟངས་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་གལ་ཆེ་ཞིང་ཕུགས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་གོ་སྐབས་ལ་དམ་འཛིན་བྱས་ནས་བོད་སྐྱོར་གྱི་ལེགས་ཆར་བརྟེན་ཏེ་འཆར་འགོད་སྔོན་ལ་ལག་བསྟར་བྱེད་པ་དང་། འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱེད་པ། ཚོང་འགུགས་མ་འདྲེན་ཞིབ་ཚགས་བྱེད་པ། ཞབས་ཞུ་གནད་སྨིན་མཁོ་འདོན་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་དེ་རང་རྒྱལ་གྱི“རྒྱུད་གཅིག་ལམ་གཅིག”དང་མཐའ་མཚམས་རྒྱུད་གསར་སྤེལ་སྒོ་དབྱེའི་འཐབ་ཇུས་ཀྱི་གཙོ་བོའི་ཁུལ་ཞིག་དང་། རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཁྱབ་འགྱེད་ཐུབ་པའི་ཚོང་དོན་ཟོག་འགྲེམས་ལྟེ་བ། གསར་སྤེལ་དང་སྒོ་དབྱེའི་ལམ་སྲོལ་སྒྱུར་བཅོས་ཀྱི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི་ཁུལ། གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་གཞི། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཀྱི་དཔེ་སྟོན་ཁུལ་བཅས་སུ་བསྐྲུན་རྒྱུར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བསྟན་པ་བོད་ལྗོངས་མི་རིགས་སློབ་ཆེན་ནས་ཐོན་པ་དང་། ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་ཀུན་གཏོད་བར་མཐོངས་ཀྱིས་གསོ་སྐྱོང་བྱས་པ་བརྒྱུད་མཚམས་སྦྱོར་ཀུང་སི་ཞིག་བདེ་བླག་ངང་ཐོ་འགོད་བྱས་ནས་བཙུགས་ཡོད་པ་རེད། གནས་ཚུལ་དེ་མཁྱེན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་བསྟན་པར་ལས་གཏོད་ཀྱི་བརྒྱུད་རིམ་ནང་དཀའ་ཚེགས་ཆེན་པོ་ཡོད་པས་དད་སེམས་བརྟན་དུ་གཏོང་བ་དང་། ཡིད་ཆེས་ཀྱིས་ཁེངས་པ། མི་ཚེའི་ཕུགས་འདུན་བརྟན་པོ་སྲུང་བ། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ་དཀའ་སྤྱད་ཀྱི་རྔུལ་ཆུར་བརྟེན་ནས་ཕུགས་བསམ་གྱི་མེ་ཏོག་བཞད་ཐུབ་པ་བྱས་ཏེ་མཐར་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། བསྟན་པས་ངེས་པར་དུ་རང་སྐྱོང་ལྗོངས་ཀྱིས་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་བྱེད་པ་དང་རང་ངོས་ཀྱི་ལེགས་ཆ་སྤྱད་ནས་ཀུང་སི་རྒྱ་སྟོབས་ཆེ་རུ་བཏང་སྟེ་སྔ་ཙམ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    བོད་ལྗོངས་དམངས་འཚོའི་དོ་དམ་ལས་རིགས་ནི་ཆེད་ལས་ཀྱི་ཞིབ་སྤེལ་ལས་ལ་ཞུགས་པ་དང་འདུས་རྡུལ་མཐོ་བའི་རྒྱུ་ཆ་གསར་ཤོས་ཐོན་སྐྱེད་བྱེད་མཁན་གྱི་གསར་གཏོད་རྣམ་པ་དང་ཚན་རྩལ་རྣམ་པའི་ཁེ་ལས་ཤིག་ཡིན་པ་དང་དེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་མང་པོ་ཡོད། ཀྲོང་ཡན་གྱིས་ཕེབས་ཞོར་དུ་གཟིགས་ཞིབ་གནང་ནས་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། རོགས་སྐྱོར་གྱི་སྲིད་ཇུས་ལ་སྔར་བས་གཟིགས་སྐྱོང་ལྡན་པ། ཞབས་ཞུའི་བྱེད་ཐབས་ཏན་ཏིག་ནུས་ལྡན་ཡིན་པ། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། ཕྱོགས་ཁག་གི་ཡིད་ཆེས་དང་ཆོད་སེམས་ནུས་ལྡན་ངང་བརྟན་དུ་ཕྱིན་ཡོད་ཅེས་གསུངས། ཁེ་ལས་བོད་དུ་གཞིས་ཚུགས་ཐུབ་པ་དང་བོད་ལ་ཞབས་འདེགས་ཞུས་ཏེ་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།