དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ལག་བསྟར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-17

     ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ལག་བསྟར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་གསན་པ་དང་འབྲེལ་སྐུ་མགྲོན་གདན་འདྲེན་རྒྱུའི་འབྲེལ་ཡོད་དོན་གནད་ལ་ཆེད་དོན་ཞིབ་འཇུག་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་ཁྲིད་བླང་བྱར་གཞིགས་པ་བཅས་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་། ལས་རིམ་གསལ་པོར་འགོད་པ། ལས་ཀ་མྱུར་སྒྲུབ་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་བཅས་ཚོགས་འདུར་ཕེབས་པ་རེད།

    ལས་དོན་ཚོགས་ཆུང་ཁག་གི་གནས་ཚུལ་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བོད་དུ་ལག་ལེན་ཡག་པོ་བསྟར་རྒྱུར་ཕན་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་བོད་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་གང་ལེགས་མངོན་རྒྱུར་ཕན་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་མངོན་རྒྱུར་ཕན་པ་བཅས་ཡོད་པ་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་གཉེར་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཆེད་མངགས་ཞིབ་འཇུག་གནང་བ་དང་། ཀྲུའུ་ཞི་ཆེ་དགྲ་ལྷས་སྔ་རྗེས་སུ་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་གཙོ་སྐྱོང་གནང་ནས་ལས་དོན་ཁག་བཀོད་སྒྲིག་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། “དགའ་སྤྲོའི་ངང་བོད་ལྗོངས་གསར་པར་ཡུལ་སྐོར་བྱེད། འཛམ་གླིང་གི་སྣེ་གསུམ་པ་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱར་གཞིགས་པ། འཚོལ་ཞིབ་ཧུར་ཐག་དང་བཀོད་སྒྲིག་ཚགས་ཚུད་པོ་ཡོང་བ་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་ལག་ལེན་བསྟར་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་དེ་ལས་སྟེགས་གལ་ཆེན་ཞིག་ལ་བརྩིས་ནས་བོད་ཀྱི་ཡུལ་སྐོར་རིག་གནས་ཀྱི་ཁྱད་དུ་འཕགས་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།