ཚེས་10ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ཉི་མ་ཚེ་རིང་། ཅི་གོ་ཀང་། དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་སྣའི་2017ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཞིབ་བསམ་འཆར་དང་2018ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན་སྐོར་གྱི་གྲོས་ཞིབ་བསམ་འཆར་གསན་པ་རེད། རང་སྐྱོང་ལྗོངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་པར་བརྒྱབ་ནས་སྐྱེལ་ཏེ་ནན་ཏན་ངང་ཞིབ་འཇུག་དང་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་གི་འབྲེལ་ཡོད་དོན་ཚན་དང་ལྗོངས་ཡོངས་ཀྱི་2018ལོར་མང་དུ་བཏང་བའི་ས་གནས་སྲིད་གཞུང་གི་བུན་འཛིན་གྱི་མ་དངུལ་བཀོད་སྒྲིག་བེད་སྤྱོད་ཇུས་གཞིའི་སྐོར་གྱི་དགོངས་སྐོར་ལ་ཞིབ་འཇུག་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པར་གྲོས་ཞིབ་དང་ཆོག་མཆན་འགོད་པར་འབུལ་རྒྱུར་མོས་མཐུན་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་གནང་བ་རེད།