དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-08-13

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། མཚོ་སྣ་རྫོང་གི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ས་ཚིགས་ལ་ས་གནས་ས་ཐོག་ཏུ་གཟིགས་སྐོར་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་གཞི་རྩའི་བྱ་ཐབས་ལ་བརྩི་བ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་པ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས་བྱེད་པ། མི་འདང་བའི་ཆ་འཚོལ་བ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་སྒོ་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་སྔར་བས་ལེགས་པ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་9ཉིན་གྱི་ཞོགས་པ་སྔ་པོ་ཀྲོང་ཡན་དང་བཅས་པས་ཆར་པར་མ་འཛེམ་པར་རླངས་འཁོར་ལ་བཞུགས་ཏེ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ས་ཚིགས་ཞེ་བོ་གྲོང་ཚོར་ཕེབས། འདི་ལོའི་ཟླ་དང་པོར་མང་ཚོགས་བརྒྱ་ལྷག་ཙམ་ལམ་ཕུག་ཤང་ནས་ཞེ་བོ་གྲོང་ཚོའི་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་པ་རེད། ཀྲོང་ཡན་གྱིས་མང་ཚོགས་ཆོས་ལྡན་ཚེ་རིང་གི་ཁྱིམ་དུ་ཕེབས་ཏེ་སྙིང་ཉེ་པོས“ཁང་པ་གསར་པར་གོམས་ཀྱི་འདུག་གམ”“ཐོན་སྐྱེད་དང་འཚོ་བར་སྟབས་བདེ་འདུག་གམ”ཞེས་པ་སོགས་བཀའ་འདྲི་གནང་། ཆོས་ལྡན་ཚེ་རིང་གིས“འདི་གར་འཚོ་བའི་སྒྲིག་ཆས་གང་དགོས་ཅི་འཛོམས་འདུག་ལ་ཕྲུ་གུ་སློབ་གྲྭར་བསྐྱོད་ཐུབ་པ་དང་ན་དུས་སྨན་བཅོས་ཐུབ་པ་མ་ཟད་མཐའ་མཚམས་གྲོང་མིའི་ཁ་གསབ་སྣ་ཚོགས་འདུག་པས་ཡོང་འབབ་ཀྱང་མ་སྤོས་གོང་ལས་མང་དུ་ཕྱིན་སོང”ཞེས་ཞུས། ཀྲོང་ཡན་གྱིས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ་དང་ལག་ལེན་ལ་དམ་འཛིན་བྱས་ནས་མཐའ་མཚམས་མང་ཚོགས་དངོས་འབྲེལ་སྤོ་ཐུབ་པ་དང་སེམས་ཆགས་ཐུབ་པ་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།

    སླད་ཤང་དུ་སྔོ་ཤིང་དྭངས་བའི་རི་ཆུའི་དབུས་སུ་ཆགས་པའི་མོན་པ་མང་ཚོགས་ཀྱི་སྡོད་ཁང་སྟར་པ་རེ་རེ་མིག་མདུན་དུ་འཆར་ཞིང་། ཀྲོང་ཡན་གྱིས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐོར་ཐུགས་ཁུར་ཟབ་མོས་བཀའ་འདྲི་གནང་། ཞིང་དུད་སྤྲོ་སྐྱིད་ཁང་གི་སྦྱིན་བདག་འོད་ཟེར་ནི་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་མཁན་སློབ་ཆེན་སློབ་མ་ཞིག་ཡིན་པ་མཁྱེན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་བ་དང་། ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པར་ཁྱེད་ལྟ་བུའི་སློབ་ཆེན་སློབ་མས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་ངེས་རེད་ཅེས་གསུངས་ཤིང་། ཁོང་གིས་འོད་ཟེར་ལ་སྦྱངས་པ་གོ་ཆོད་ཀྱིས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཁྱད་ལྡན་སྤུས་རྟགས་བཏོད་ནས་གཉེར་སྐྱོང་བྱས་ཏེ་ལས་གཏོད་བརྒྱུད་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་ཞེས་སྐུལ་ལྕག་གནང་།

    ཚེས་9ཉིན་གྱི་དགོང་མོ། ཀྲོང་ཡན་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་རང་རྟོགས་ངང་བྱ་སྤྱོད་སྤེལ་ཏེ་རྩེ་རིམ་ཇུས་འགོད་ལ་སྣང་ཆེན་དང་ཚད་གཞི་མཐོ་པོས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཐའ་མཚམས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཁྱད་ལྡན་གྲོང་ཚོ་བསྐྲུན་པ། དཔེ་སྟོན་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཡོང་བ་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་གྱིས་མཉམ་དུ་དམ་འཛིན་དང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྒོ་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འགོ་ཡག་པོ་ཞིག་འཛུགས་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཕན་ཚུན་སློབ་སྦྱོང་དང་དགེ་སྤེལ་སྐྱོན་སྤངས་ཀྱིས་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།