རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།
ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི་1.4ཡོད། དེབ་ཀྱི་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད་ཁྱོན་བསྡོམས་ས་བཅད་དྲུག་ཡོད་པ་ནི། སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་བརྟན་པོ་ཡོད་པ། ལྗང་མདོག་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ། སྣོད་བཅུད་རིག་གནས་རིམ་བཞིན་ཆགས་པ་བཅས་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོ་ཀྲུང་གོའི་ལྷོ་ནུབ་རྒྱུད་དུ་གནས་པ་དང་དེའི་ནང་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཡོངས་དང་དེ་བཞིན་སི་ཁྲོན་དང་། ཡུན་ནན། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ས་ཁུལ་ཁག་གཅིག་ཚུད་ཡོད། མཚོ་བོད་ས་མཐོའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་260ཟིན་པ་དང་ས་ཁུལ་མང་ཆེ་བའི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་ཡོད། མཚོ་བོད་ས་མཐོར“འཛམ་གླིང་གི་ཡང་རྩེ”དང“ས་གོ་ལའི་སྣེ་གསུམ་པ”“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”བཅས་བརྗོད་ཀྱི་ཡོད། མཚོ་བོད་ས་མཐོ་ནི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རང་བྱུང་འཚོ་གནས་ཁུལ་དང་ས་མཐོའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་དང་། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན། ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་ས་ཁུལ་གྱི་གྲས་ཤིག་བཅས་རེད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་ཤུགས་རྐྱེན་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ཞིག་ཏུ་བརྩི་གི་ཡོད། མིག་སྔར་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་ལམ་ལུགས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཕན་འབྲས་མངོན་གསལ་དོད་པ། ཁོར་ཡུག་སྤུས་ཚད་བརྟན་ལ་ལེགས་པ། ལྗང་མདོག་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོད་པ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ། སྣོད་བཅུད་རིག་གནས་རིམ་བཞིན་ཆགས་པ་བཅས་བྱུང་ནས་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ནུས་པ་མངོན་བཞིན་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་ཁུལ་ནི་སྔར་རྒྱུན་བཞིན་ས་གོ་ལའི་ས་ཁུལ་གཙང་ཤོས་ཀྱི་གྲས་ཤིག་ཡིན། མཚོ་བོད་ས་མཐོར་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཉུང་བ་དང་།
མཁའ་རླུང་སྤུས་ཚད་ལ་མིའི་རིགས་ཀྱི་བྱེད་སྒོས་ཤུགས་རྐྱེན་ཐེབས་ཤུགས་ཆུང་བ། སྦགས་བཙོག་དངོས་པོའི་རིགས་ཅུང་ཉུང་བ། གར་ཚད་ཅུང་དམའ་བས་སྦགས་བཙོག་དངོས་པོ་སྣ་ཚོགས་ཀྱི་འདུས་ཚད་དེ་བྱང་སྣེ་ས་ཁུལ་དང་ཧ་ལམ་མཚུངས་ཡོད། ལྗང་མདོག་ནུས་རྒྱུ་ཁྱབ་གདལ་དང་། སྣོད་བཅུད་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གྲོང་གསེབ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་མཚོ་བོད་ས་མཐོའི་མཁའ་རླུང་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོར་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་སོགས་ཀྱི་ལྗང་མདོག་ནུས་རྒྱུ་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་བོད་ས་མཐོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་ཆུ་གློག་དང་ཉི་ནུས་སོགས་ཀྱིས་གཙོ་བོར་བྱེད་པའི་བསྐྱར་སྐྱེས་ནུས་རྒྱུའི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱུང་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་གཙང་པོ་དང་ཆུ་བོ་མང་པོ་རི་མཐོ་གྲོག་རོང་བརྒྱུད་ནས་རྒྱུག་པར་བརྟེན་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བོད་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་དུང་ཕྱུར་1.74ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉེ་བའི་ལོ་ཤས་རིང་རྡོ་ཕུར་དང་། གསེར་ཆུ། འབྲི་གུང་སོགས་ཆུ་ཤུགས་གློག་ཁང་འབྲིང་གྲས་བསྐྲུན་ནས་2017ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་177ཟིན་པ་དེས་ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་སྤྱིའི་གློག་འདོན་ཚད་ཀྱི་56.54%བཟུང་ཡོད། མཚོ་སྔོན་གྱི་ཆུ་ནུས་ཐོན་ཁུངས་ཀྱི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་2400ཟིན་པ་དང་ཚ་རྔ་འགག་དང་། ལ་ཟེ་བ། སྔོ་རྒྱའི་འགག་སོགས་ཆུ་གློག་ལས་གྲྭ་ཆེན་པོ་ཁག་གཅིག་བསྐྲུན་ནས་2016ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1192ཟིན་ཡོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་དང་རྔ་པ་ཀྲོའུ་ཡི་ཆུ་ནུས་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི་5663ཟིན་ནས་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1708ཟིན་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་སྣོད་བཅུད་འཛུགས་སྐྱོང་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་ནས་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཐད་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་། སྣོད་བཅུད་མ་ལག་ཞན་འགྱུར་གྱི་རྣམ་པར་ཚོད་འཛིན་ཐུབ་པ། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་ཐུབ་པ། གཙོ་གནད་སྣོད་བཅུད་ལས་གྲྭ་ཁུལ་ཁག་གཅིག་གི་སྣོད་བཅུད་བྱེད་ནུས་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་གནམ་གཤིས་འགྱུར་ལྡོག་དང་ཕྱུགས་རིགས་མང་དྲགས་པ་སོགས་ཀྱི་རྐྱེན་པས། མཐོ་གྲང་རྩྭ་ཐང་རྒྱུན་ཆད་མེད་པར་ཞན་འགྱུར་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་དཀྱིལ་དུ་སླེབས་སྐབས། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་82ཟིན་ཡོད། དེ་རྗེས་སྐྱས་སྤོས་རྩྭ་གསོ་དང་། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས། རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་སོགས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་ལས་གྲྭ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་པས། མཚོ་བོད་ས་མཐོའི་རྩྭ་ཐང་སྲུང་སྐྱོང་སླར་གསོའི་ཕན་འབྲས་རིམ་བཞིན་མངོན་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱ་ཆེད། ཀྲུང་གོས་ཀྲུང་གོ་སྣོད་བཅུད་མ་ལག་ཞིབ་འཇུག་དྲ་རྒྱ་དང་མཐོ་གྲང་ཁུལ་གྱི་ས་ངོས་བརྒྱུད་རིམ་དང་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་རྒྱ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆ། ཞིང་ལས། ནགས་ལས། ཆུ་བེད། གནམ་གཤིས་སོགས་ཀྱི་ཆེད་ལས་ལྟ་དཔྱད་ཚད་ལེན་དྲ་རྒྱ་ཚུད་པའི་ཅུང་འཐུས་སྒོ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་པས། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག་ཅིག་གྲུབ་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོ་སྣོད་བཅུད་མ་ལག་ཞིབ་འཇུག་དྲ་རྒྱས་མཚོ་བོད་ས་མཐོ་དང་དེའི་མཐའ་འཁོར་དུ་ནགས་ཚལ་དང་། རྩྭ་ཐང་། ཞིང་ཁ། ཐང་རྒོད་སོགས་སྣོད་བཅུད་མ་ལག་རིགས་མི་འདྲ་བ་བརྒྱད་ཀྱི་ལྟ་དཔྱད་ཚད་ལེན་ས་ཚིགས་བཙུགས་ནས། ས་མཐོའི་སྣོད་བཅུད་མ་ལག་འགྱུར་ལྡོག་ལ་དུས་ཡུན་རིང་པོའི་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་བྱས་ཏེ། སྣོད་བཅུད་མ་ལག་དང་དེ་བཞིན་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་འགྱུར་ལྡོག་གི་ཆོས་ཉིད་དང་དེའི་རྒྱུ་རྐྱེན་གསལ་སྟོན་བྱེད་ཀྱི་ཡོད། མཐོ་གྲང་ཁུལ་གྱི་ས་ངོས་བརྒྱུད་རིམ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་དྲ་རྒྱས་མཚོ་བོད་ས་མཐོའི་ས་ངོས་ཁོར་ཡུག་གི་འགྱུར་ལྡོག་བརྒྱུད་རིམ་ལ་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་ཐུབ་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར། མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་མ་ལག་དེ་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་1994ལོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་རྗེས། རང་བྱུང་སྲུང་སྐྱོང་ཁུལ་གྱི་རིམ་པའི་མ་ལག་དང་། དོ་དམ་སྒྲིག་གཞི། བྱེད་ནུས་ཁུལ་བཅས་ཁ་གསལ་བཟོས་ནས། མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དེ་མགྱོགས་ལ་བརྟན་པའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད། མིག་སྔར། མཚོ་བོད་ས་མཐོར་རིམ་ཁག་རང་བྱུང་སྲུང་སྐྱོང་ཁུལ155(དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་41དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་64ཡོད)བཙུགས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་82.24ཟིན་པ་དེས་ས་མཐོའི་སྤྱིའི་རྒྱ་ཁྱོན་གྱི་31.63%ཙམ་དང་ཀྲུང་གོའི་སྐམ་སའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་57.56%བཟུང་ནས། ས་མཐོའི་ཐུན་མོང་མ་ཡིན་པ་དང་ཉམས་ཞན་གྱི་སྣོད་བཅུད་མ་ལག་དང་དེ་བཞིན་རྩ་ཆེའི་སྐྱེ་དངོས་ཐོན་ཁུངས་དག་ལ་གཞི་རྩའི་ཆ་ནས་ཁྱབ་ཡོད་ཅེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་རྒྱུ་བཏོན་པ་དང་། 2016ལོར་རྒྱལ་ཁབ་ཀྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཇུས་གཞིར》དངོས་སུ་ཆོག་མཆན་གནང་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟ་ཐེངས་དང་པོ་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་ཐོན་ཁུངས་གལ་ཆེན་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད་ཡིན་ཞེས་འཁོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་དུས་རབས་གསར་པར་མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ནི“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི”ནང་དོན་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་མི་དམངས་ལ་སྔར་བས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུཌ་སྐྲུན་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མངོན་འགྱུར་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་འཁོད་ཡོད།
(རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་ཆ་ཚང་གཟིགས་འདོད་ན་ཟླ་7ཚེས་25ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》ལ་གཟིགས)
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣