དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་བར་ལའི་ཕུག་ལམ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-19

     ཚེས་17ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་བར་ལའི་ཕུག་ལམ་རྣམ་གྲངས་ཀྱི་ལས་ཡུལ་དུ་ཆེད་མངགས་ཕེབས་ཏེ་ལས་གྲྭའི་འཛུགས་སྐྲུན་པར་བྱམས་བརྩེའི་ངང་གཟིགས་པ་དང་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བར་ལའི་ཕུག་ལམ་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལམ་ཚད་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ལམ་ཐག་ཧྲིལ་པོར་སྨི་5700ལྷག་ཙམ་ཟིན་པ་དང་། ཕུག་ལམ་གྱི་གཞོགས་གཅིག་ཏལ་འབིགས་ཐུབ་ནས་ད་ལྟ་གཞོགས་གཞན་དེའང་ཏལ་འབིགས་ཐུབ་ཉེར་ཡོད་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་10ཚེས་1ཉིན་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ལམ་ཁ་རློན་འདྲེད་ཆེ་ལ་འདམ་རྫབ་ཀྱིས་ཁེངས་པར་མ་འཛེམས་པར་ཕུག་ལམ་གྱི་འཛུལ་ས་ནས་དོན་ས་བར་ལམ་ཐིག་ཧྲིལ་པོར་ཞིབ་བཤེར་གནང་བ་དང་། འཐབ་ས་དང་པོར་དཀའ་བ་སྤྱོད་བཞིན་པའི་འགྲིམ་འགྲུལ་འཛུགས་སྐྲུན་པར་བྱམས་བརྩེའི་ངང་གཟིགས་པ། ས་གནས་ས་ཐོག་ཏུ་ལས་གྲྭའི་འཕེལ་རིམ་དང་། བདེ་འཇགས་ཐོན་སྐྱེད། སྒྲིག་འཛུགས་བཀོད་གཏོང་། འཆར་གཞི་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད་རྣམ་གྲངས་པུའུ་རུ་འབྲེལ་ཡོད་ལས་ཀའི་སྙན་ཞུའང་གསན་པ་རེད།

    ཁོང་གིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་ཁྲོན་བོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པར་དམིགས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་གསར་གཏོད་རང་བཞིན་དང་། མཚོན་བྱེད་རང་བཞིན། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་བཅས་ལྡན་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ཞིག་ཡིན་པས་རྒྱལ་སྲུང་སྲ་བརྟན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ་དང་།

    འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བསྐྲུན་པ་དང་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲོམ་གཞི་གཙོ་བོ་བསྐྲུན་པ་དང་བོད་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་བ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། བར་ལ་ཕུག་ལམ་ཏལ་འབིགས་དང་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཉེར་ཡོད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་རྒྱལ་ཁབ་པུའུ་ཨུད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ་ཞིག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དམ་པ་དོན་གཉེར་བྱས་པ་ལས་བྱུང་བ་ཞིག འཛུགས་སྐྲུན་ནང་ཞུགས་པའི་ཚན་པ་དང་ཨར་སྐྲུན་མི་སྣ་ཡོངས་ཀྱིས་འགག་སྒྲོལ་དཀའ་སེལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་བཅས་རེད་ཅེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་འཛུགས་སྐྲུན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་ཟླ་10ཚེས་1ཉིན་འཆར་གཞི་བཞིན་རླངས་འཁོར་ཤར་གཏོང་ཐུབ་པའི་བྱ་སྤྱོད་ངོ་མའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་ཕྱག་རྟགས་འབུལ་དགོས། བསམ་བློའི་ངོས་འཛིན་སྔར་བས་མཐོར་གཏོང་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། ལས་དོན་ཁག་ལ་སྤྱི་འདོམས་བཀོད་སྒྲིག་བཅས་བྱས་ཏེ་དུས་བཀག་བཞིན་ཏལ་འབིགས་ཐུབ་པ་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ལས་གྲྭའི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་སྤུས་ཚད་ལྟ་སྐུལ་དོ་དམ་གྱི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་གིས་བར་ལའི་ཕུག་ལམ་ལ་དུས་ཚོད་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱས་ཏེ་དམངས་སེམས་ལས་གྲྭ་དང་། སྤུས་ལེགས་ལས་གྲྭ། དཔེ་སྟོན་ལས་གྲྭ་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་དང་སྣོད་བཅུད་སླར་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་དེ་ཉིད་མིང་དོན་མཚུངས་པའི་ལྗང་མདོག་བགྲོད་ལམ་དང་མཛེས་ལྗོངས་ཁྱམས་རིང་དུ་སྐྲུན་དགོས། བདེ་འཇགས་ཐོན་སྐྱེད་ལ་སྔར་བས་དམ་འཛིན་བྱས་ཏེ་ཨར་སྐྲུན་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་སྲུང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།