དབུ་ཤོག>སྲིད་དོན།
  • གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་། ཁ་གསབ་རོགས་དངུལ་སྤྲད་དེ་མཐོ་སློབ་སློབ་ཐོན་སློབ་མར་ཐབས་ལམ་མང་པོ་ནས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-09

     ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་གཅིག་སྡུད་ངང་སྤྲོད་པའི་ས་གནས་ས་ཐོག་གི་ཚོགས་འདུ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཐང་ཆེན་དུ་འཚོགས་པ་དང་། ཁེ་ལས་50དང་མཐོ་སློབ་སློབ་ཐོན་སློབ་མ་16གིས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་བླངས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ས་གནས་ས་ཐོག་གི་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་མཚོན་ཚུལ་གལ་ཆེན་ཞིག་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། དེ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཐབས་ལམ་མང་པོ་ནས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་གང་ལེགས་ཐུབ་པ་བྱ་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་ཐོབ་མཁན་མཐོ་སློབ་སློབ་ཐོན་སློབ་མ་དང་ཁེ་ལས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དུས་ཡུན་རིང་པོའི་ནང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རིམ་པ་ཁག་དང་སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཏང་དང་སྲིད་གཞུང་གི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཐུབ་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལས་དོན་ལ་སྐུལ་སྤེལ་གྱི་འགོ་ཁྲིད་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གཟིགས་སྐྱོང་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་འདོན་པ། སྤུས་ལེགས་ཀྱི་ལས་ཞུགས་ལས་གནས་མང་པོ་ཞིག་གནད་སྨིན་ངང་མཁོ་འདོན་བྱེད་པ། རིགས་ཁག་གི་གདན་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་བཅས་བྱས་པས་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་དང་། རང་བརྟེན་ལས་གཏོད། བབ་བསྟུན་ལས་ཞུགས་བཅས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད། ལྷག་པར་དུ་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་ཐུབ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། ཁྲོམ་རར་ལས་ཞུགས་བྱེད་མཁན་སློབ་མ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་ལ་ལེགས་སུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་སློབ་མ་ཚོས་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་ཐོབ་མཁན་གྱི་སློབ་མ་མིག་དཔེར་འཛིན་པ་དང་། ཁྲོམ་རར་ལས་ཞུགས་དང་། རང་བརྟེན་ལས་གཏོད། སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་འདེམས། ཐབས་ལམ་མང་པོ་ནས་ལས་ཞུགས་བཅས་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བྱས་རྗེས་འཇོག་པར་བསྐྱོད་རྒྱུའི་སེམས་ཐག་གཅོད་པ། ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་ཁོར་ཡུག་ཁྲོད་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ཏེ་མི་ཚེའི་རིན་ཐང་མངོན་པར་བྱེད་དགོས་པ་དང་། ཁོང་གིས་ཁེ་ལས་ཁག་གིས་སྤྱི་ཚོགས་ཀྱི་འགན་འཁྲི་མུ་མཐུད་ཡག་པོ་ཁུར་ཏེ་དེ་བས་མང་བ་དང་དེ་བས་ལེགས་པའི་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཁྲོམ་རར་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས་ཁྲོམ་རའི་འགྲན་རྩོད་ཁྲོད་ཁོང་ཚོས་ནུས་པ་ཧུར་ཐག་འདོན་རྒྱུའི་ཐུགས་རེ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།