དབུ་ཤོག>སྲིད་དོན།
  • རྣམ་འགྱུར་ནན་ཤོས་དང་། ལས་དོན་སྤེལ་ཤུགས་ཆེ་ཤོས། མྱུར་ཚད་མགྱོགས་ཤོས། བྱེད་ཐབས་ནན་ཤོས་བཅས་ཀྱི་ཐོག་ནས་དག་ཐེར་ལས་འགན་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-05

    ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་65པའི་བཀོད་སྒྲིག་གཞིར་བཟུང་། ཚེས་3ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཆེད་མངགས་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་ཁང་གི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཚན་ཞིབ་རྟེན་གཞི་དང་ཀྲུང་གོ་རྡོ་སྣུམ་ལྷ་ས་ཀུང་སིའི་སྨིན་དྲུག་སྣུམ་སྣོན་ས་ཚིགས་སུ་ཕེབས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་བྱེད་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་གནང་བ་དང་གནད་དོན་དངོས་ལ་ཞིབ་བཤེར་དང་འཕེལ་རིམ་ལ་ལྟ་སྐུལ་གནང་ནས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    1983ལོར་བསྐྲུན་པའི་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་ཁང་གི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་ཚན་ཞིབ་རྟེན་གཞི་དེ་ནི་རང་ལྗོངས་ཀྱི་འབྲོག་ལས་ཕྱུགས་རིགས་སྨན་པ་དང་། རྩྭ་ལས་ཚན་རྩལ་གསར་གཏོད། སྣ་ཁ་གསར་པ་སྐྱེད་སྲིང་། ལག་རྩལ་གསར་པ་གཅིག་སྡུད་བཅས་ཀྱི་དཔེ་སྟོན་རྟེན་གཞི་གལ་ཆེན་ཞིག་ཡིན།

    《བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཐེངས་དྲུག་པའི་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་དག་ཐེར་ཇུས་གཞིའི》བླང་བྱ་གཞིར་བཟུང་། 2018ལོའི་ཟླ་6ཚེས་30ཉིན་གོང་ཁྲིམས་ལྟར་གནས་སྤོ་བྱེད་དགོས་པའི་དུས་བཀག་བཟོས་ཡོད། མིག་སྔར་སྒོ་ཕྱུགས་དང་ཁྱིམ་བྱ་ཁག་གཅིག་དྲོད་ཁང་ནང་བཅུག་པ་དང་བེའུ་འཁོར་བ་དང་བྱ་ཕྲུག་གཉོལ་བ་སོགས་རྐྱེན་པས་གནས་སྐབས་ཁག་གཅིག་སྤོ་ཐུབ་མེད་པ་རེད། གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཀྲོང་ཡན་གྱིས་འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བར་ངོས་འཛིན་ཡང་དག་དང་ཐག་གཅོད་ཡག་པོ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། འབྲེལ་ཡོད་འགན་འཁྲིའི་ཚན་པས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་ཆབ་སྲིད་ཀྱི་རྩིས་ཁྲ་དང་ཁོར་ཡུག་གི་རྩིས་ཁྲ་ཡག་པོ་བཟོས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་སྨིན་དྲུག་སྣུམ་སྣོན་ས་ཚིགས་ད་ཆ་གཉེར་སྐྱོང་བྱེད་མཚམས་བཞག་ནས་ལས་ཡུལ་དངོས་སུ་སྣུམ་རླངས་ཚུར་བསྡུ་སྒྱུར་བཀོད་དང་སིམ་འགོག་ལས་གྲྭའི་སྒྱུར་བཀོད་བྱེད་བཞིན་ཡོད་པ་རེད། ལས་གྲྭ་དེ་ཟླ་7པའི་ཟླ་དཀྱིལ་གོང་ཕྱོགས་ཡོངས་ནས་མཇུག་འགྲིལ་རྒྱུ་རེད། ཀྲོང་ཡན་དང་བཅས་པས་དག་ཐེར་དོན་འཁྱོལ་གནས་ཚུལ་ནན་ཏན་ངང་གསན་ནས་དག་ཐེར་ལས་དོན་གྱི་འཕེལ་རིམ་ལ་ཞིབ་ཕྲ་གཟིགས་པ་རེད། ཁོང་གིས་ཀྲུང་གོ་རྡོ་སྣུམ་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཨར་ལས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ངེས་པར་དུ་གཏན་འབེབས་བྱས་པའི་དུས་བཀག་ནང་ཚད་གཞི་མཐོ་པོས་དག་ཐེར་ལས་འགན་སྒྲུབ་ཐུབ་པ་བྱེད་དགོས། འགན་འཁྲིའི་ཚན་པ་ལྗོངས་ཚོང་དོན་ཐིང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་མཐུད་སྐུལ་འདེད་དང་ལས་ཡུན་ལྡོག་སྒྲིག་བྱེད་པ་དང་། ཞིབ་དཔྱད་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་དུས་བཀག་བཞིན་བཀོད་གཏོང་བྱེད་པ་བཅས་བྱས་ཏེ་སྣུམ་རླངས་ཚུར་བསྡུའི་དག་ཐེར་ལས་དོན་ལ་ལྟ་བཤེར་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་གནད་འཁེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་འབྲེལ་ཡོད་འགན་འཁྲི་ཚན་པ་ཁག་གིས་དག་ཐེར་ཇུས་གཞི་དང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་གྱི་དམིགས་གཏན་འཁེལ་བའི་དམིགས་ཚད་དང་། ལས་འགན། བྱེད་ཐབས། དུས་ཚད། བླང་བྱ་བཅས་གཞིར་བཟུང་། ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་དག་ཐེར་གྱི་ལས་འགན་ཁག་རིམ་པ་བཞིན་དང་དུས་བཀག་དང་དེ་བཞིན་སྤུས་ཚད་ཀྱི་བླང་བྱ་ལྟར་ལེགས་གྲུབ་ཡག་པོ་ཡོང་བ་བྱེད་དགོས། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་དག་ཐེར་ལས་དོན་དེ“དག་ཐེར་བྱས་རྗེས་ཁ་ཡ་མི་བྱེད་པ་དང་སྤོས་རྗེས་ཁ་ཡ་མི་བྱེད་པ”གཏན་ནས་བྱ་རྒྱུ་མེད་པར་སྣོད་བཅུད་སླར་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་དག་ཐེར་ལས་དོན་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ལྟ་བཤེར་ནན་པོ་བྱེད་པ་དང་། དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཁྲོད“སྤྱོད་ཚུལ་བཞིའི”གནད་དོན་དང་དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བའི་སྣང་ཚུལ་གཏན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། དྲང་ནན་གྱི་སྒོ་ནས་ལྟ་བཤེར་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དག་ཐེར་ལས་དོན་དེ་ཀྲུང་དབྱང་གི་ལྟ་བཤེར་ཐུབ་པ་དང་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།