དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལ་ཆེད་དོན་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-20

     ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་17ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གནས་ཚུལ་ལ་ཆེད་མངགས་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློར་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་བྱས་ནས་འགན་འཁྲིར་ཤུགས་སྣོན་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། 

    ཀྲོང་ཡན་སྔ་རྗེས་སུ་བོད་ལྗོངས་ཉིང་སོན་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཧྥུའུ་ཏིས་རང་བྱུང་འཐུང་བྱ་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། ཡུས་གཡོད་ས་མཐོའི་གསོ་རླུང་ཐོན་ལས་གླིང་། བོད་ལྗོངས་ཐེན་ཡིའུ་ཏེ་ནས་ཆང་ཚད་ཡོད་ཀུང་སི་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད། ས་ཆ་རེར་སླེབས་རིམ་བཞིན་ཁོང་གིས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་དང་དེ་བཞིན་རྣམ་གྲངས་ཀྱི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་དང་ཁེ་ལས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་མཐུན་སྦྱོར་དང་ཐག་གཅོད་ཀྱང་གནང་བ་རེད། ཁེ་ལས་མཁས་ཅན་ཚོས་བོད་དུ་ཐོན་ཁུངས་རང་སྤུས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་མ་འཇོག་ཁོར་ཡུག་བཟང་བ་ཞིག་ཡོད། རྣམ་གྲངས་འཛུགས་སྐྲུན་དང་དེ་བཞིན་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་ལ་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། 

    ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཁེ་ལས་མཁས་ཅན་ཚོས་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་ལ་གཞི་ཚུགས་པ་དང་བོད་ལ་ཞབས་འདེགས་ཞུས་ཏེ། བོད་ཀྱི་སྲིད་ཇུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་གྱུར་པར་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀ་ཐོན་རྒྱུའི་རེ་བ་ཡོད་ཅེས་གསུངས། 

    བརྟག་ཞིབ་གནང་སྐབས། ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་འདི་ལོ་ཚུན་ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་གསར་གཏོད་དང་། ཚོང་འགུགས་ཀྱི་འགན་འཁྲི་ནན་གཏོང་། འགོ་ཁྲིད་གཙོ་བོ་ངོ་མས་སྐུལ་མ་གཏོང་བ་བཅས་བྱས་པས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་གསུངས། ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་སྟོབས་དང་ལྡན་པའི་ཚོང་འགུགས་ལ་ཤུགས་བརྒྱབ་སྟེ་མ་འཇོག་ཁེ་ལས་ལ་དེ་བས་སྟབས་བདེ་དང་དེ་བས་ནུས་ཆེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཐུགས་རེ་གནང་བ་རེད། 

    ཀྲོང་ཡན་གྱིས་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ངེས་གནས་མཐོ་རུ་གཏོང་བ་དང་། དམིགས་ཚད་ལས་འགན་ནན་དུ་གཏོང་བ། ཚོང་འགུགས་མ་འདྲེན་གྱི་བསམ་ཕྱོགས་འདོན་རོགས་དང་། གསར་གཏོད་དོན་གཉེར། དོན་འཁྱོལ་ལ་དམ་འཛིན་བཅས་ལ་དམིགས་ཏེ་རང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།