ཟླ་6ཚེས་10ཉིན་ནས་ཚེས་15ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་དུ་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་ཡོད་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་གནང་བ་རེད།
སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་དང་། སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་པ་ཧོང་ཤིན་ཁྲུའུ་དང་། ལིའུ་ཙུའོ་མིང་། དབྱང་ཤིན་ཕིང་། ཡའོ་སི་ཏན། ཀྲུའུ་ཁྲུན་ཞིའུ། ཐང་ཁྲོན་ཕིང་སོགས་ཀྱིས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པའམ་ཡང་ན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
རྟོག་ཞིབ་ཚོགས་པས་ལེང་ཧྲན་ཀྲོའུ་ཞི་ཁྲང་གྲོང་ཁྱེར་དང་ཏེ་ཁྲང་རྫོང་། རྔ་པ་ཀྲོའུ་ཧུང་ཡོན་རྫོང་དང་། མཛོད་དགེ་རྫོང་། ཟུང་ཆུ་རྫོང་། ཁྲེང་ཏུའུ་གྲོང་ཁྱེར། ཕི་ཏུའུ་ཆུས། ཁྲུང་ཀྲོའུ་གྲོང་ཁྱེར། ཤིན་ཅིན་རྫོང་སོགས་ཁྱོན་ས་ཚིགས་23ལ་སྔ་རྗེས་སུ་ཕེབས་ནས། གྲོང་གསེབ་སྒྱུར་བཅོས་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན། ཐོན་ལས་མཉམ་འདྲེས། སྤྲོ་གསེང་ཞིང་ལས། ཁྱད་ལྡན་ཐོན་ལས། ཡུལ་སྐོར་དམངས་ཕྱུག ཚོང་འགུགས་མ་འདྲེན། གྲོང་ཁྱེར་འཆར་འགོད། གྲོང་གསེབ་བཅོས་སྒྲིག སྣོད་བཅུད་འབྲོག་ལས་འཕེལ་རྒྱས་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ་སློབ་སྦྱོང་ཡང་གནང་བ་རེད། རྟོག་ཞིབ་གནང་རིང་། ཁོངས་མི་ཚོས་གསན་པ་དང་ཆབས་ཅིག་གཟིགས་པ་དང་། ཟིན་བྲིས་བསྐྱོན་པ། མང་ཙམ་སྐྱོད་པ་དང་། མང་ཙམ་འདྲི་བ། མང་ཙམ་གླེང་བ་བཅས་ཀྱི་ཐོག་ནས་ཉིན་མོ་ཕེབས་མཚམས་མི་འཇོག་པར་སློབ་སྦྱོང་རྟོག་ཞིབ་གནང་བ་དང་ལྕགས་ཚ་ཐོག་ལ་རྡུང་བ་ཞེས་པའི་དཔེ་ལྟར་དགོང་མོ་ཚོགས་འདུ་འཚོགས་ནས་ཕྱོགས་སྡོམ་བྱེད་ཀྱི་ཡོད། བློ་བཟང་རྒྱལ་མཚན་གྱིས་སི་ཁྲོན་ཞིང་ཆེན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྨང་གཞི་འགན་ལེན་དང་། བསམ་ཕྱོགས་གསལ་བཟོ། འཆར་འགོད་སྣེ་ཁྲིད། ལམ་སྲོལ་གསར་གཏོད། གཅིག་འདོམས་བསྡུ་སྒྲིལ། མང་ཚོགས་སྐུལ་སློང་སོགས་ཐད་ཀྱི་ཉམས་མྱོང་དང་བྱེད་སྟངས་ཚང་མར་གལ་འགངས་ཤིན་ཏུ་ཆེ་བའི་མིག་དཔེའི་རིན་ཐང་ལྡན་ཡོད། དེའི་ཁྲོད་ནས་དཔེ་མཚོན་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་སྔོན་ཐོན་་བར་བྱེད་པའི་ཁྲོད་རང་ངོས་ཀྱི་ཧེ་བག་འཚོལ་ཞིབ་བྱེད་པ་དང་། མིག་དཔེར་བསམ་གཞིག་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་པ། དངོས་འཛིན་དངོས་སྒྲུབ་ཁྲོད་ལས་དོན་ལ་སྐུལ་འདེད་གཏོང་བ། གནད་དོན་གྱི་འཇུར་མིག་སེལ་ཐབས་ནུས་ལྡན་འཚོལ་ཞིབ་བྱེད་པ། ཞན་ཆ་གང་མགྱོགས་གསབ་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྲེང་ཏུའུ་རུ་རྟོག་ཞིབ་ཚོགས་པས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱི་ཉམས་མྱོང་ངོ་སྤྲོད་ངོ་ཐུག་གདོང་འཕྲད་ཀྱི་སྒོ་ནས་གསན་ཞིང་། བློ་བཟང་རྒྱལ་མཚན་གྱིས་རྟོག་ཞིབ་སློབ་སྦྱོང་བྱས་པ་བརྒྱུད་ང་ཚོར་སློབ་གསོ་གཏིང་ཟབ་ཐེབས་ནས་ཧེ་བག་མཐོང་བྱུང་ལ། ང་ཚོའི་ཡིད་ཆེས་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ནན་ཏན་ངང་ཞིབ་འཇུག་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པ། མིག་དཔེ་གང་ལེགས་ལེན་པ་བཅས་ཀྱི་ཐོག་ནས་དངོས་འབྲེལ་སྦྱངས་པ་གོ་ཆོད་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་དང་། དུས་རབས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཡིན་པས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བའི་དོན་སྙིང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རིག་དང་མཐུན་པའི་འཆར་འགོད་སྣེ་ཁྲིད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་ཞིག་ཆགས་པར་བྱེད་པའི་རྨང་གཞིའི་ཐོག“བརྗོད་དོན་གཙོ་བོ་གཅིག་མངོན་གསལ་དོད་པོ་ཡོང་བ་དང་ཟུང་འབྲེལ་མང་པོ་བྱས་ནས་འགན་ལེན་ལྔ་དོན་འཁྱོལ་བྱེད་པ”དང་སྒྲིག་སྲོལ་མང་པོ་གཅིག་ཏུ་སྒྲིལ་བའི་འདུ་ཤེས་གཞིར་བཟུང་། རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་བཟོ་བའི་ལས་དོན་ཏན་ཏན་ཏིག་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་པར་རང་ལམ་རང་འགོག་བྱེད་མི་རུང་ལ་གཞན་དཔེ་འདྲ་བཤུས་ཀྱང་བྱེད་མི་རུང་བར་རང་ངོས་ཀྱི་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་གྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས། ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པ་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པ། བྱ་སྤྱོད་གལ་ཆེན་འགའ་ཞིག་འཆར་འགོད་བཀོད་སྒྲིག་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟ་དཔེ་སྟོན་འཆར་འགོད་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུའི་འགན་ལེན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།