དབུ་ཤོག>སྲིད་དོན།
  • བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-09

    ཚེས་7ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས《དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་དང་གྲོས་བསྡུར་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཞིག་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་བ་དང་གཞི་རིམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བསྟན་གནང་བ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གསར་གཏོད་བྱེད་ཕོད་པ་དང་འགན་འཁྲི་ཁུར་ཕོད་པའི་ཐོག་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་སྟེ།

    གཅིག་ནས་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་རྩ་དོན་དང་དམིགས་ཚད་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་ཤིང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དེ་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་གཞི་རྩའི་ཐབས་ཤེས་ལ་བརྩི་བ་དང་དེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་ཕན་ཚུན་ཟུང་འབྲེལ་དང་། རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གྱི་འཆར་འགོད་དང་ཕན་ཚུན་འབྲེལ་མཐུད་བྱེད་པ། དུས་རབས་གསར་པར་ཏང་སྲིད་དམག་ཉེན་དམངས་ནུས་ཤུགས་མཉམ་འདོན་གྱིས་མཐའ་མཚམས་སྲ་བརྟན་གཏོང་རྒྱུ་དང་འབྲེལ་མཐུད་བཅས་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་གྱིས་ཚོད་ལྟའི་གྲོང་ཁྱེར་དེ་ཉིད་ཁྱད་ཆོས་མངོན་གསལ་དོད་པ་དང་། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཐུབ་པ། ཡིད་དབང་འགུག་ཤུགས་ཆེ་བ་བཅས་ཀྱི་གྲོང་རྡལ་གསར་པ་ཞིག་ཏུ་གཏོད་དགོས་པ་དང་།

    གཉིས་ནས་སྟབས་བདེ་ལ་རྩེ་གྲ་ཡིན་པའི་རྩ་འཛུགས་ཀྱི་སྒྲོམ་གཞི་བསྐྲུན་དགོས་ཤིང་། ཏང་གིས་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་ལ་འགོ་ཁྲིད་བྱ་རྒྱུར་མཐའ་འཁྱོངས་བྱས་ནས་གྲོང་རྡལ་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་ནུས་པ་གཙོ་བོ་ཤུགས་ཆེར་གཏོང་བ་དང་སྲིད་འཛིན་ཁྲིམས་འཛིན་དང་ཕྱོགས་བསྡུས་ཞབས་ཞུ་སོགས་སྒྲིག་གཞི་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞབས་ཞུ་དང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་དགོས། དངོས་སྒྲུབ་ནུས་ཆེའི་སྒྲིག་གཞི་དང་མི་སྤྱོད་ལམ་ལུགས་བཙུགས་ནས་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་དུ་སྐྱོད་ཐུབ་པ་དང་། སྡོད་ཐུབ་པ། ལས་ཀ་ཡག་པོ་བྱེད་ཐུབ་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ཡོད་པ་བྱེད་དགོས་པ།

    གསུམ་ནས་གཞི་རིམ་གྱི་དོ་དམ་ཞབས་ཞུ་བྱེད་སྟངས་གསར་གཏོད་དང་ལེགས་སུ་གཏོང་དགོས་ཤིང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་དང་འབྲེལ་མཐུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཕྱོགས་བསྡུས་དང་། དམངས་ཕན། ནུས་ཆེ་བཅས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཤིག་གཏོད་དེ“སྣ་གཅིག་ཅན་གྱི་དོ་དམ”དང“གཅིག་འཐུས་རྣམ་པའི་ཞབས་ཞུ”ལག་བསྟར་བྱེད་དགོས་པ།

    བཞི་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་ཁག་གིས་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་གཞི་སྒྱུར་བཅོས་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། དོན་འཁྱོལ་ཐུབ་པ། ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།