དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-06-04

     ཟླ་6ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཧོ་ཧྲེང་བཅས་པ་དང་བཞུགས་མོལ་གནང་སྟེ། འཕྲོད་བསྟེན་བདེ་ཐང་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ཇུས་ཆེན་ཐུན་མོང་ཐོག་གླེང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མའེ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཝང་ཧོ་ཧྲེང་དང་བཅས་པ་བོད་དུ་འཕྲོད་བསྟེན་བདེ་ཐང་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་སྦྲགས། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་པ། སྨན་བཅོས་འཕྲོད་བསྟེན་གྱི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་ལ་གཞི་ཚུགས་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ། ནང་སའི་སྨན་བཅོས་ཐོན་ཁུངས་སྤུས་དག་བསྡུ་སྒྲིལ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་བ་བཅས་བྱས་པ་ལས“1+7”སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་དང་དོ་དམ་ཆུ་ཚད་ལ་ཆགས་སྟངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་ཡར་ཐོན་བྱུང་བ། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་བའི་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྱབ་འགྱེད་སྐུལ་ཁྲིད་བྱུང་བ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚད་མཐོ་བའི་ནང་སའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འཆར་ཅན་རང་བཞིན་གྱི་ངོས་འཛིན་བྱེད་སྟངས་འགྱུར་ལྡོག་བྱུང་བ། བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་ཆོད་སེམས་བརྟན་དུ་སོང་བ་བཅས་བྱུང་ཡོད་ཅེས་བསྟན་གནང་བ་རེད།

    ཝུའུ་དབྱིང་ཅེས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ། རིམ་ལྡན་སྨན་ཁང་གསར་གཏོད་ཀྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་ཐོན་ཁུངས་སྤུས་དག་རྫོང་དང་ཆུས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་དེ་བཞིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་དྲིན་ལན་འཇལ་རྒྱུ་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་རྒྱུ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་བྱེད་པ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་རིགས་ཁག་གི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་བཅས་ཀྱི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝང་ཧོ་ཧྲེང་གིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ། ཀྲུང་དབྱང་གིས་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་དང་། མཐའ་མཚམས་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ། རྒྱལ་ཁབ་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དོན་དེར་མཐོང་ཆེན་གནང་སྟེ་ཆེད་དམིགས་སྒྲིག་གཞི་འཛུགས་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་། བརྟག་ཞིབ། མཐུན་སྦྱོར་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། འགག་སྒྲོལ་དཀའ་སེལ་དང་འབད་འབུངས་སྟོབས་བརྩོན་བཅས་བྱས་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་གི་ཡོད། གོམ་སྟབས་རྗེས་མར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་བོད་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་དང་བདེ་འཇགས་ཐད་ཀྱི་བླང་བྱ་སྨན་ཁང་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། བོད་ལ་རིམ་པ་མང་བའི་ཐོག་ནས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱེད་པ། ཤེས་ལྡན་པ་ནང་འདྲེན་དང་གཞིས་ཆགས་ཀྱི་སྲིད་ཇུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།