དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-30

    ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་ཕེབས་ནས་ས་གནས་ས་ཐོག་ཏུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་ལས་ཞུགས་ཀྱི་འདུ་ཤེས་སྒྱུར་བ་དང་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱི་2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་མཐོ་སློབ་དང་སློབ་གསོའི་གཙོ་འགན་སྡེ་ཚན་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་བའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་གསལ་འགྲེལ་དང་། དཔེ་མཚོན་དྲིལ་བསྒྲགས། རང་གི་མྱོང་བ་དངོས་ཤོད་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སློབ་མར་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུར་ཁྲིད་སྟོན་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་སྟབས་བསྟུན་ལས་ཞུགས་དང་། རང་བརྟེན་ལས་གཏོད། ཐབས་ལམ་མང་པོའི་ལས་ཞུགས་བཅས་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་གསར་གཏོད་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི་རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་དགེ་རྒན་གསོ་སྦྱོང་བྱ་ཡུལ་གྱི་དགེ་འོས་སློབ་གྲྭ་འབའ་ཞིག་དེ་ཡིན། སློབ་གྲྭས“རྨང་གཞིའི་སློབ་གསོའི་དགེ་རྒན་གྱི་སྟོབས་ཤུགས་སྐྱེད་སྲིང་བྱེད་པའི”ལས་དོན་གཙོ་བོ་དེ་མངོན་གསལ་དོད་དུ་བཏང་ནས་རང་ལྗོངས་ཀྱི་གཞི་རིམ་རྨང་གཞིའི་སློབ་གསོར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་སྦྲགས་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས་སྔར་བས་འཚོལ་ཞིབ་བྱེད་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་གསར་གཏོད་ཀྱི་ཕྱོགས་བསྡུས་རྣམ་པ་དང་ཉེར་མཁོའི་རྣམ་པའི་ཤེས་ལྡན་མི་སྣ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་ནན་དུ་བཏང་སྟེ་2018ལོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་སྤུས་ཚད་སྔར་ལས་ལེགས་པའི་ངང་ལས་ཞུགས་གང་ལེགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།