དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-29

    ཚེས་24ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཕེབས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་རྒྱ་ཆེའི་དགེ་སློབ་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། 

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནི་བོད་ཀྱི་ཕྱོགས་བསྡུས་རིགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་འབའ་ཞིག་དེ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། སློབ་གྲྭ་དེས་ཁྲོམ་ར་དང་འབྲེལ་མཐུད་བྱེད་ཟབ་ཏུ་བཏང་བ་དང་ལས་རིགས་རྩལ་ནུས་ཀྱི་གསོ་སྦྱོང་ཤུགས་ཆེན་བྱས་པས། ཐོག་མའི་ལས་ཞུགས་ཐུབ་ཚད་71%ཟིན་ནས་ལས་ཞུགས་དུས་བབ་རྒྱུན་མཐུད་བཟང་པོ་ཡོད་པ་རེད།

    བྲོ་བ་ཆེན་པོ་མངོན་འགྱུར་བའི་ཀོག་ཧྥེ་བར་ཁྱམས་དང་ཁྲོང་མོང་ཅུན་ཆ་འཕྲིན་ཞབས་ཞུ་ཚད་ཡོད་ཀུང་སི་སོགས་གཉིས་གཏོད་སྐྱེད་སྲིང་རྟེན་གཞིར་སློབ་མ་རྣམས་ལས་གཏོད་ལག་ལེན་ནང་ཞུགས་བཞིན་ཡོད་པ་དང་། ཀྲོང་ཡན་གྱིས་ཁོང་ཚོའི་ཁྲོད་དུ་ཕེབས་ནས་ལས་གཏོད་ཀྱི་ཉམས་མྱོང་དང་ཀུང་སིའི་ཕན་འབྲས་སོགས་བཀའ་འདྲི་གནང་བ་རེད། ལོ་འདི་གའི་སློབ་ཐོན་སློབ་མ་ཚེ་རིང་གིས་ང་ཚོས་སློབ་གླིང་གི་ལས་གཏོད་སྐྱེད་སྲིང་ལ་བརྟེན་ནས་འཇོན་ཐང་སྦྱོང་བ་དང་ཉམས་མྱོང་བསགས་ཏེ་སློབ་གྲྭ་ཐོན་རྗེས་སྤྱི་ཚོགས་དང་ཁྲོམ་རར་བསྐྱོད་པར་རྨང་གཞི་འདིང་གི་ཡོད་ཅེས་བཤད། ཀྲོང་ཡན་གྱིས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་མའི་ལས་ཞུགས་འདུ་ཤེས་བསྒྱུར་བ་དང་། ཤེས་ལྡན་པའི་དགོས་མཁོར་གཞིགས་ནས་རིག་ཚན་དང་ཆེད་ལས་བཟང་སྒྲིག་དང་བཅོས་སྒྲིག་བྱེད་པ། ལས་ཞུགས་ལས་གཏོད་ཀྱི་འགན་འཁྲི་ལོ་རིམ་དང་འཛིན་གྲྭར་དོན་འཁྱོལ་བྱེད་པ་སོགས་ལ་དགེ་མཚན་ལྡན་པའི་འཚོལ་ཞིབ་དང་གཡུར་དུ་ཟ་བའི་ཕན་འབྲས་ཐོན་པར་གདེང་འཇོག་གང་ལེགས་གནང་བ་རེད། 

    འབྲེལ་ཡོད་སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་དང་མཐོ་སློབ་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་པོར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། 2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མིག་སྔའི་ལས་འགན་གལ་ཆེ་ཤོས་དང་ཁ་ཚ་དགོས་གཏུགས་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་པ། སྔོན་ཚུད་ནས་འཆར་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། བཀོད་སྒྲིག་ཚགས་ཚུད་བཅས་བྱས་ནས་སློབ་མ་རྣམས་སློབ་གྲྭ་ཐོན་མ་ཐག་ལས་ཞུགས་ལས་གཏོད་ཐུབ་པ་བྱེད་དགོས། ལས་ཞུགས་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། སློབ་མར་ཡང་དག་པའི་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ལས་ཞུགས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་ལུགས་མཐུན་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ནས་རྒྱ་ཆེའི་སློབ་མ་རྣམས་སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་འདེམས་ཀྱི་སློབ་གསོ་གཏོང་དགོས། ལས་རིགས་ལག་རྩལ་སློབ་གླིང་གིས་རང་ངོས་ལེགས་ཆར་བརྟེན་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སློབ་མའི་ཡིད་དབང་འགུག་པ་དང་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་མངོན་འགྱུར་བའི་བར་མཐོངས་དང་སྐྱེད་སྲིང་རྟེན་གཞི་སྔར་ལས་མང་བ་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འཇོན་ཐང་འཕེལ་བར་བྱེད་པ་དང་། ཕུལ་བྱུང་ཤེས་ལྡན་པར་ཁེ་ལས་དང་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་འཇོན་ཐང་ངོམ་རྒྱུའི་ཁྲིད་སྟོན་བྱེད་པ། རྣམ་པ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་སོགས་སྒུལ་ནུས་གསར་པ་གང་མགྱོགས་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།