ཚེས་26ཉིན་གྱི་སྔ་དྲོ་2018ལོའི་བོད་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ཁག་གཉིས་པའི་ཡོངས་བསྒྲགས་རྒྱུགས་བསྡུའི་ཡིག་རྒྱུགས་རྒྱུགས་གནས་ཁག་ཏུ་བདེ་བླག་ངང་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་སློབ་གསོའི་ཡིག་རྒྱུགས་རྒྱུགས་ལེན་ལས་དོན་བཀོད་འདོམས་ལྟེ་གནས་དང་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་ཡིག་རྒྱུགས་གཏོང་སར་ཕེབས་ནས་ཡིག་རྒྱུགས་གནས་ཚུལ་ལ་སྐོར་ཞིབ་གནང་བ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་རྒྱུགས་ཁུལ་ཁག་གི་རྒྱུགས་གནས་སུ་ཡིག་རྒྱུགས་གཏོང་འགོ་ཚུགས་པ་རེད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ནན་ཏན་ངང་རྒྱུགས་ཤོག་འབྲི་བ་དང་སྒྲིག་ལམ་ཧ་ཅང་ཡག་པོ་ཡོད་པ་རེད། ཡིག་རྒྱུགས་རྒྱུགས་ལེན་ལས་དོན་བཀོད་འདོམས་ལྟེ་གནས་སུ་ཀྲོང་ཡན་གྱིས་བརྙན་ལམ་ཐོག་ནས་རྒྱུགས་ཁུལ་ཁག་གི་རྒྱུགས་ལེན་ལས་དོན་སྤེལ་ཚུལ་བཀོད་གཏོང་གནང་བ་དང་རྒྱུགས་ལེན་ཁོར་ཡུག་ཡག་པ་དང་གོ་རིམ་ལྡན་པའི་རྒྱུགས་ལེན་ལས་དོན་ཐད་ཀྲོང་ཡན་གྱིས་ཁས་ལེན་གང་ལེགས་གནང་བ་རེད།
ཀྲོང་ཡན་གྱིས་ལས་ཞུགས་ནི་དམངས་འཚོའི་རྩ་བ་རེད། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་དུས་རབས་གསར་པར་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཞེས་བཏོན་གནང་བ། ཀྲུའུ་ཞི་ཆེ་དགྲ་ལྷས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཐག་གཅོད་ཏན་ཏིག་བྱེད་པའི་ཐད་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་བཅས་ཀྱིས་ང་ཚོས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་དམིགས་ནས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། བྱ་སྤྱོད་མྱུར་པོ་སྤེལ་བ་དང་དམ་འཛིན་ཡག་པོ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གནད་སྨིན་ངང་ཡག་པོ་བསྒྲུབས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཚང་མར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བ་བྱེད་དགོས་ཞེས་གསུངས་པ་རེད།
ཀྲོང་ཡན་གྱིས་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་ལྕི་ལ་ལས་འགན་རྙོག་འཛིང་ཆེན་པོ་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་མཐོ་སློབ་ཀྱིས“དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས”བཅས་ཀྱི་རྩ་དོན་དེ་ཡིག་རྒྱུགས་འདོན་པ་དང་། རྒྱུཌ་སྤྲོད། རྒྱུགས་ཤོག་བཅོས་པ། གཞུང་ལས་པ་བསྡུ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་བཀོལ་སྤྱོད་གོ་རིམ་ནན་པོ་ཡོང་བ་བྱས་ནས་ཡོངས་བསྒྲགས་དང་། ཁ་གསལ་གཏིང་གསལ། ཁུངས་འདེད་ཆོག་པ་བཅས་ཡོང་བ་བྱས་ཐོག་གཞུང་ལས་བསྡུ་བའི་ལས་དོན་བདེ་འཇཌ་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།