དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དང་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-26

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་ཕེབས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་རྒྱ་ཆེའི་དགེ་སློབ་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    བོད་ལུགས་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་དང་། གནམ་རིག་སྐར་རྩིས་སློབ་དཔྱོད་ཁང་། དཔེ་མཛོད་དྲ་རྒྱ་ཁང་སོགས་སུ་ཀྲོང་ཡན་གྱིས་སློབ་གླིང་གིས་ཁྲོམ་ར་ཕྱོགས་སྟོན་དུ་བྱེད་པའི་སློབ་གཉེར་རྣམ་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སློབ་གླིང་གིས་ཆེད་ལས་རིག་ཚན་གྱི་ལེགས་ཆ་འདོན་སྤེལ་དང་ཤེས་ལྡན་མི་སྣ་དང་། ཚན་ཞིབ་གྲུབ་འབྲས། ཁྲོམ་ར་དང་འབྲེལ་མཐུད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་དང་འཕེལ་རྒྱས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། བོད་སྨན་ཚན་ཁག་ཏུ་ཕེབས་སྐབས།

     འདི་ལོ་སློབ་གྲྭ་ཐོན་ཉེར་ཡོད་པའི་སློབ་མ་ཁག་གཅིག་ལས་ཞུགས་དང་ལས་གཏོད་ཀྱི་གནད་དོན་བཞུགས་མོལ་སྤེལ་རེས་བྱེད་བཞིན་ཡོད་པ་རེད། སློབ་ཐོན་སློབ་མ་བྱམས་པ་བསྟན་འཛིན་ཕ་ཡུལ་དུ་ལོག་ནས་སྨན་ཚོང་ཁང་ཞིག་འཛུགས་རྩིས་ཡོད་པ་མཁྱེན་སྐབས། ཀྲོང་ཡན་ཐུགས་བློ་ཧ་ཅང་བདེ་པོ་བྱུང་ནས་སློབ་མ་དེར་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ་དང་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་ཡག་པོ་བྱས་ཏེ་ལས་རིགས་ལ་འཆར་འགོད་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་མ་ཟད། སློབ་མ་ཚོར་ཁྲོམ་རའི་ལས་ཞུགས་ལ་ཡང་ལས་སྟེགས་ཆེན་པོ་དང་མདུན་ལམ་ཡང་ཡོད་པས་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་སྔོན་ལ་ལས་ཞུགས་དང་རྗེས་སུ་ལས་འདེམས་བྱེད་དགོས་པ་དང་ད་དུང་ཁྲོམ་ར་བརྒྱུད་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་བསྔགས་སྐུལ་ཡང་གནང་བ་རེད།

    འབྲེལ་ཡོད་སྙན་སེང་གསན་རྗེས། ཀྲོང་ཡན་གྱིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་མཐོ་སློབ་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལས་ཞུགས་སྔོན་དུ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ། སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག ལས་ཞུགས་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་དང་ལས་ཞུགས་ཀྱི་གོ་སྐབས་སྟངས་འཛིན། ལས་ཞུགས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་དང་། ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་བ། ལས་ཞུགས་ཀྱི་ལས་སྟེགས་གཏོད་པ། ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་ལེགས་པའི་ལས་ཞུགས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གནས་ཚུལ་བརྟག་ཞིབ་གནང་བ་དང་སྦྲགས། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་རྒྱ་ཆེའི་དགེ་སློབ་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    བོད་ལྗོངས་སློབ་ཆེན་ལྤ་པ་གླིང་གཉིས་གཏོད་གསོ་སྐྱོང་རྟེན་གཞི་དང་། རྔ་ཆེན་སློབ་ཁུལ་དཔལ་འབྱོར་དོ་དམ་སློབ་གླིང་། རྔ་ཆེན་སློབ་ཁུལ་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་བཅས་སུ་ཀྲོང་ཡན་གྱིས་སློབ་གྲྭས་ཁྲོམ་ར་སྟོན་ཕྱོགས་སུ་བྱས་པའི་སློབ་གཉེར་བྱ་ཐབས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་བོད་ལྗོངས་སློབ་ཆེན་གྱི“གཉིས་གཏོད”ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལས་ཞུགས་སྔོན་དུ་བྱེད་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། ཆ་ཚང་བའི་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་དེ་བས་མཐོ་བ་དང་དེ་བས་ལེགས་པའི་ངང་ལས་ཞུགས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    “གསར་གཏོད་ཀྱི་བརྒྱུད་རིམ་ནང་དཀའ་ངལ་གང་ཞིག་འདུག་གམ”དང“ཁེ་ལས་ཀྱི་ཕན་འབྲས་གང་འདྲ་འདུག་གམ”ཞེས་པ་ཚང་མ་ནི་ཀྲོང་ཡན་གྱིས་དོ་ཁུར་གནང་བའི་གནད་དོན་ཡིན་པ་དང་། གཉིས་གཏོད་གསོ་སྐྱོང་རྟེན་གཞིའི་ལས་གཏོད་སློབ་མ་ཚོ་དང་སྤེལ་རེས་གཏིང་ཟབ་གནང་སྐབས། ཀྲོང་ཡན་གྱིས་སློབ་གྲྭ་ཆེ་མོ་བ་ཚོས་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་དེ་ཁྲོམ་རའི་དགོས་མཁོ་ཁོང་དུ་ཆུད་པ་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་གནམ་ས་གསར་པ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད། དཔལ་འབྱོར་དོ་དམ་སློབ་གླིང་ཏང་ཡོན་བྱེད་སྒོ་ཁང་དུ་ཕེབས་སྐབས། འདི་ལོ་སློབ་གྲྭ་ཐོན་ཉེར་ཡོད་པའི་སློབ་མ་ཁག་གཅིག་གིས་ལས་ཞུགས་ཀྱི་ལྟ་བ་སྒྱུར་བ་དང་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོག་བཞིན་ཡོད་པ་རེད། ལོ་འདི་གའི་སློབ་ཐོན་སློབ་མ་དབང་འདུས་དང་། ཚའོ་ལིན། ལི་ཡུས་མོ་བཅས་ཀྱིས་དམག་མིར་ཞུགས་པ་དང་། ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པ། རང་བརྟེན་ལས་གཏོད་བཅས་བྱས་ནས་ལས་གནས་ཐོག་སྐྱོད་ཉེར་ཡོད་པ་གསན་སྐབས། ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་སློབ་གྲོགས་ཚོས་ལས་ཞུགས་ཀྱི་འདུ་ཤེས་ཧུར་ཐག་བསྒྱུར་ནས་ལས་རིགས་ཇུས་འགོད་ཡག་པོ་བྱེད་པ་དང་། དཔྱོད་ཤེས་དང་དངོས་སྒྲུབ་ཀྱི་བསམ་བློའི་འཁྱེར་སོའི་ཐོག་ནས་ལས་ཞུགས་ཀྱི་འགྲན་སློང་བསུ་བ། སྔོན་ལ་ལས་ཞུགས་དང་དེ་རྗེས་ལས་འདེམས་བྱེད་པ་བཅས་བྱས་ནས་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་ཆེད་ཉམས་མྱོང་གསོག་འཇོག་དང་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་གསན་རྗེས། ཀྲོང་ཡན་གྱིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེ་མི་རིགས་མཐུན་སྒྲིལ་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་དང་མཐོ་སློབ་ཀྱིས་ལས་ཞུགས་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སློབ་མར་བསམ་བློ་གཏོང་སར་བསམ་བློ་གཏོང་བ། སློབ་མས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། སློབ་མའི་དཀའ་གནད་སེལ་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་དང་ནུས་ཤུགས་ཡོད་རྒུས་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།