དབུ་ཤོག>སྲིད་དོན།
  • ​ རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་གཙང་ལས་དོན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-08

    ཚེས་4ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྲིད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ། ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བླང་བྱ་གཞིར་བཟུང་། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་གྱུར་པ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱོད་གཙང་སྒྲིག་ནན་ལག་བསྟར་ནན་པོ། སྲིད་གཙང་གི་སྲིད་གཞུང་འཛུགས་སྐྱོང་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཁྲེང་ཚང་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་གྲུབ། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཆེ་དགྲ་ལྷས་ཆབ་སྲིད་འཛུགས་སྐྱོང་གིས་ཁྲིད་སྟོན་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་དང་། ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཚད་གཞིར་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་འགན་དབང་སྒྲུབ་པ་དང་ལས་དོན་སྤེལ་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན། ཐོག་མཐའ་བར་གསུམ་དུ་ལམ་ལུགས་ཀྱི་གཅུན་འདོམས་མཐའ་འཁྱོངས་བྱ་རྒྱུ་འགག་རྩར་བྱས་ཏེ་ལས་འགན་ཁག་བགོས་ཀྱིས་དབང་ཆ་སྤྱོད་པ་དང་། ལས་གནས་ཕྱེ་སྟེ་དབང་ཆ་ལག་བསྟར། རིམ་པ་ཕྱེ་སྟེ་དབང་ཆ་སྤྲོད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་སྲིད་དོན་ཡིད་རྟོན་གྱི་གཅུན་འདོམས་དང་འགན་འཁྲི་བདའ་འདེད་ལམ་སྲོལ་རིམ་གྱིས་འཐུས་སྒོ་ཚང་དུ་གཏོང་བ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་སྒྲིག་ནན་མཐའ་འཁྱོངས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅུར་དམིགས་ཏེ“སྒོ་འཛུལ་བདེ་བ་དང་། རྣམ་འགྱུར་ལེགས་པ། བྱ་བ་སྒྲུབ་དཀའ་བ”བཅས་ཀྱི་སྣང་ཚུལ་ཐག་གཅོད་ཡག་པོ་བྱེད་པ། ཐོག་མཐའ་བར་གསུམ་དུ་ལྐོག་ཟ་རུལ་སུངས་ལ་ཆད་པ་གཅོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་དབུལ་སྐྱོར་སོགས་ཁྱབ་ཁོངས་ཀྱི་སྤྱི་པའི་མ་དངུལ་དོ་དམ་ནན་པོ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཆེ་དགྲ་ལྷས་དབང་ཆར་དོ་དམ་བྱས་ཏེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མ་འཇོག་དང་། ལྷག་པར་དུ་དམངས་ཁྲོད་མ་འཇོག་ལ་བརྟེན་ནས་ཁེ་ལས་བརྟན་པོ་ཡོང་བའི་རྣམ་པ་བརྟན་དུ་གཏོང་བ་དང་། “སྟབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་སྣུར་སྲིང་བྱེད་པ། “དྲ་སྦྲེལ+སྲིད་དོན་ཞབས་ཞུར”སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོར་གསོན་ཤུགས་བསྣན་པ་དང་མི་དམངས་མང་ཚོགས་ལ་སྟབས་བདེ་སྐྲུན་དགོས་པ་དང་། དངུལ་ཡག་པོ་སྤྱད་དེ་སྤྱི་པའི་མ་རྩར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྔོན་རྩིས་ལག་བསྟར་ལ་དམ་འཛིན་དང་། ཞིབ་རྩིས་ལ་ལྟ་སྐུལ་ནན་པོ། མ་འཇོག་དམིགས་སར་སྤྱོད་པ་བཅས་བྱེད་པ། རང་སྐྱོང་ལྗོངས་ཀྱིས་སྣེ་ཁྲིད་དེ་གྲོན་ཆུང་བསྲི་ཚགས་བྱས་ནས“གཞུང་གྲོན་གསུམ”ཚོད་འཛིན་ནན་པོ་བཅས་བྱེད་པ་དང་འབྲེལ་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་ལ་རྒྱབ་སྐྱོར་བྱེད་དགོས་པ། ལས་གྲྭར་དོ་དམ་ནན་པོ་བྱས་ཏེ་འོས་སྐུལ་འོས་དཔོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ། ལག་བསྟར་ནན་པོ་བྱས་ཏེ་སྤྱི་པའི་ཐོན་ཁུངས་སྤེལ་རེས་སྟེགས་བུ་ཡག་པོ་སྤྱོད་པ་དང་། རྣམ་གྲངས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་གྲྭའི་རིན་གོང་ཚོད་འཛིན་ནན་པོ་བཅས་བྱས་ནས་ལས་གྲྭ་ཚང་མ་ཉི་འོད་ལས་གྲྭ་དང་། སྤྱོད་གཙང་ལས་གྲྭ བདེ་འཇགས་ལས་གྲྭ་བཅས་སུ་འགྱུར་བ་བྱེད་དགོས་པ། དམངས་ཆེད་སྲིད་བརྩོན་བྱས་ཏེ་ཡང་དག་པའི་བྱས་རྗེས་ལྟ་བ་འཛུགས་པ་དང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ཏེ། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས་དུས་རབས་གསར་པར་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།