དབུ་ཤོག>སྲིད་དོན།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-04

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

    (2001ལོའི་ཟླ་11ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2017ལོའི་ཟླ་7ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་པའི་ཐོག་དག་བཅོས་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    [2017]ཡིག་ཨང་12པ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དེ་2017ལོའི་ཟླ་7ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་ལྔ་པའི་ཐོག་དག་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་འགྲེམས་བསྒྲགས་བྱེད་རྒྱུ་དང་། 2017ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུའི་ཆེད་དོན་སྤྱི་བསྒྲགས་སྤེལ་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

    2017ལོའི་ཟླ་7ཚེས་28ཉིན།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། འཛད་སྤྱོད་པས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་འཚོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་ལྟར་ཚོང་ཟོག་ཉོ་བ་དང་བེད་སྤྱོད་གཏོང་བའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་པའི་ཁེ་དབང་ལ་བྱ་ཐབས་འདིས་སྲུང་སྐྱོབ་བྱེད་ཀྱི་ཡོད། གཉེར་སྐྱོང་པས་འཛད་སྤྱོད་པར་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ཚོང་ཟོག་གམ་ཡང་ན་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་བྱ་ཐབས་འདིར་སྲུང་བརྩི་ཞུ་དགོས།

    དོན་ཚན་གསུམ་པ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་སྐབས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་དང་། གཉེར་སྐྱོང་པས་རང་འདོམས། སྤྱི་ཚོགས་ཀྱིས་ལྟ་སྐུལ་བཅས་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་རྩ་དོན་ལག་བསྟར་བྱེད་རྒྱུ།

    དོན་ཚན་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་འཛུགས་དགོས་ཤིང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཀྱི་ལས་དོན་ལ་འགོ་ཁྲིད་དང་། སྒྲིག་འཛུགས། མཐུན་སྦྱོར་བཅས་བྱེད་པ་དང་སྡེ་ཚན་དབར་རོགས་རེས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་དེ་འབྲེལ་ཡོད་སྡེ་ཚན་དང་ལས་རིགས་མཐུན་ཚོགས་དང་། གསར་འགྱུར་ཚན་པ། སྤྱི་ཚོགས་ཚོགས་པ། དེ་བཞིན་འཛད་སྤྱོད་པའི་འཐུས་མི་སོགས་ལས་གྲུབ་རྒྱུ་དང་། དེས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་དཀྲིས་པའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་འགན་འཁྲི་བསྒྲུབ་རྒྱུ། བཟོ་ཚོང་དང་། འཕེལ་བསྒྱུར། བཟོ་ལས་དང་ཆ་འཕྲིན་ཅན། ནོར་སྲིད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་འབྲོག ཚོང་དོན། འཕྲོད་བསྟེན་དང་འཆར་བཙའ། སྤུས་ཚད་ལག་རྩལ་ལྟ་སྐུལ། བཟའ་བཅའ་སྨན་རྫས་ལྟ་འདོམས། ཡུལ་སྐོར་གོང་འཕེལ། སློབ་གསོ། སྦྲག་ལས་སོགས་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གཉེར་སྐྱོང་པར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་རྩད་ཞིབ་ཐག་གཅོད་བྱེད་དགོས་པ་མ་ཟད། འཛད་སྤྱོད་པའི་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་ལྔ་པ། འབྲེལ་ཡོད་ལས་རིགས་རྩ་འཛུགས་དང་ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་ལས་རིགས་ཀྱི་རང་འདོམས་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག ལས་རིགས་དེ་གའི་གཉེར་སྐྱོང་པས་ཁྲིམས་བཞིན་གཉེར་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ལས་རིགས་ཀྱི་སྒྲིག་ལམ་བཟོ་རྒྱུ་དེ་ངེས་པར་དུ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་བླང་བྱ་དང་མཐུན་དགོས།

    དོན་ཚན་དྲུག་པ། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་སྒྲིག་ཡིག་ལ་གཞིགས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་དགོས།

    དོན་ཚན་བདུན་པ། རྩ་འཛུགས་དང་མི་སྒེར་ཚང་མས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ལ་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་རྒྱུར་རང་སྐྱོང་ལྗོངས་ཀྱིས་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ།

    སྤྱི་བྱིངས་བརྒྱུད་སྤེལ་མཚམས་སྦྱོར་ཚན་པས་ངེས་པར་དུ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་དགོས་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།

    ལེའུ་གཉིས་པ། འཛད་སྤྱོད་པའི་ཁེ་དབང་དང་གཉེར་སྐྱོང་པའི་འོས་འགན།

    དོན་ཚན་བརྒྱད་པ། འཛད་སྤྱོད་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁེ་དབང་ཁག་ལོངས་སུ་སྤྱོད་རྒྱུ་ཡོད། འཛད་སྤྱོད་པས་ངེས་པར་དུ་རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་ལྟར་ཁེ་དབང་སྤྱོད་དགོས།

    དོན་ཚན་དགུ་པ། འཛད་སྤྱོད་པས་ཚོང་ཟོག་ཉོ་བ་དང་བེད་སྤྱོད་གཏོང་བའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས། ཚེ་སྲོག་བདེ་ཐང་ཡོང་དབང་དང་། རང་མིང་ཐོབ་དབང་། འདྲ་པར་བདག་དབང་། མཚན་སྙན་ཐོབ་དབང་། མཚན་བསྟོད་ཐོབ་དབང་། དེ་བཞིན་མི་སྒེར་གྱི་གསང་བ་སོགས་མི་ལུས་དབང་ཆའམ་ཡང་ན་རྒྱུ་ནོར་ལ་གནོད་སྐྱོན་ཕོག་ཚེ་གཉེར་སྐྱོང་པར་གནོད་འཚེ་གཏོང་མཚམས་འཇོག་རྒྱུ་དང་། མཚན་སྙན་སླར་གསོ་བྱེད་རྒྱུ། ཤུགས་རྐྱེན་མེད་པ་བཟོ་རྒྱུ། དགོངས་དག་ཐུགས་བདེན་ཞུ་རྒྱུ། གྱོང་གུན་གསབ་འཇལ་བྱེད་རྒྱུ་བཅས་ཀྱི་རེ་བ་འདོན་དབང་ཡོད།

    དོན་ཚན་བཅུ་པ། འཛད་སྤྱོད་པས་ཚོང་ཟོག་ཉོ་བ་དང་བེད་སྤྱོད་གཏོང་བའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་། ལས་རིགས་ཀྱི་སྒྲིག་ལམ་དང་གོམས་སྲོལ་གཞིར་བཟུང་གཤམ་གསལ་གནས་ཚུལ་ཤེས་རྟོགས་བྱེད་དབང་ཡོད་པ་སྟེ།

    (གཅིག)འབྲེལ་ཡོད་ཚོང་ཟོག་གི་རིན་གོང་དང་། ཐོན་ས། ཐོན་སྐྱེད་བྱེད་མཁན། སྤྱོད་གོ ནུས་པ། ཚད་གཞི། རིམ་པ། གྲུབ་ཆ་གཙོ་བོ། ལྷད་མེད་འདུས་ཚད། ཐོན་སྐྱེད་ཀྱི་དུས་ཚོད། གོ་ཆོད་དུས་ཚད། ཞིབ་བཤེར་ཚད་ལོན་དཔང་ཡིག སྤྱོད་སྟངས་གསལ་བཤད། བེད་སྤྱོད་རྩལ་ནུས། ཉེན་བརྡ་གསལ་སྟོན། བཙོངས་རྗེས་ཀྱི་ཞབས་ཞུ་སོགས་ཀྱི་གནས་ཚུལ་དང་།

    (གཉིས) འབྲེལ་ཡོད་ཞབས་ཞུའི་ནང་དོན་དང་། ཚད་གཞི། འགྲོ་གྲོན། ཚད་འཛིན་ས། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་སྙན་ཞུ་བཅས་སམ་ཡང་ན་ཉམས་བཟོའི་ཞབས་ཞུའི་ཟིན་ཐོ་སོགས་ཀྱི་གནས་ཚུལ་ཡིན།

    དོན་ཚན་བཅུ་གཅིག་པ། འཛད་སྤྱོད་པས་ཚོང་ཟོག་མཁོ་འདོན་བྱེད་མཁན་ནམ་ཡང་ན་ཞབས་ཞུ་སྒྲུབ་མཁན་གྱི་གཉེར་སྐྱོང་པ་རང་འདོད་ལྟར་འདེམས་དབང་ཡོད་པ་དང་། ཚོང་ཟོག་གི་རིགས་དང་ཞབས་ཞུ་སྒྲུབ་སྟངས་རང་འདོད་ལྟར་འདེམས་དབང་ཡོད། འཛད་སྤྱོད་པས་ཚོང་ཟོག་དང་ཞབས་ཞུ་རང་འདོད་ལྟར་འདེམས་སྐབས་བསྡུར་བ་བྱེད་པ་དང་། ལེགས་ཉེས་དབྱེ་བ། འདེམས་སྒྲུག་རྒྱག་པ་བཅས་ཀྱི་དབང་ཆ་ཡོད།

    དོན་ཚན་བཅུ་གཉིས་པ། འཛད་སྤྱོད་པས་གཉེར་སྐྱོང་པར་དྲང་གཞག་གི་རྩ་དོན་བཞིན་ཚོང་ཟོག་མཁོ་འདོན་བྱེད་དགོས་པའམ་ཡང་ན་ཞབས་ཞུ་སྒྲུབ་དགོས་པའི་རེ་བ་འདོན་དབང་ཡོད། འཛད་སྤྱོད་པས་ཚོང་ཟོག་ཉོ་སྒྲུབ་བམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས་འདྲ་མཉམ་གྲོས་མོལ་བྱས་པར་བརྟེན་ནས་ཉོ་འཚོང་གི་རིན་གོང་དང་དེ་བཞིན་ཉོ་འཚོང་གི་ཆ་རྐྱེན་གཞན་དག་གཏན་འཁེལ་བྱེད་དབང་ཡོད་ཅིང་། སྤུས་ཚད་འགན་སྲུང་དང་། རིན་གོང་ལུགས་མཐུན། ཚད་འཇལ་ཏག་ཏག་ཡིན་པ་བཅས་ཀྱི་ཚོང་ཟོག་གམ་ཡང་ན་ཞབས་ཞུ་ཐོབ་དབང་ཡོད།

    དོན་ཚན་བཅུ་གསུམ་པ། གཉེར་སྐྱོང་པས་འཛད་སྤྱོད་པར་ཚོང་ཟོག་མཁོ་འདོན་དང་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་རྫས་སྤུས་ཚད་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་བྱ་ཐབས་འདིའི་གཏན་འབེབས་བཅས་གཞིར་བཟུང་འོས་འགན་སྒྲུབ་དགོས།

    གཉེར་སྐྱོང་པ་དང་འཛད་སྤྱོད་པའི་དབར་ཁ་ཆད་བྱས་པའམ་ཡང་ན་གཉེར་སྐྱོང་པས་འཛད་སྤྱོད་པར་ཁས་ལེན་བྱས་ཡོད་ཚེ་ངེས་པར་དུ་ཁ་ཆད་བྱས་པའམ་ཡང་ན་ཁས་ལེན་བྱས་པའི་འོས་འགན་བཞིན་སྒྲུབ་དགོས། ཡིན་ནའང་ཕྱོགས་གཉིས་པོའི་ཁ་ཆད་བྱས་པའམ་ཡང་ན་གཉེར་སྐྱོང་པའི་ཁས་ལེན་བྱས་པ་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་རྒྱབ་འགལ་མི་འགྲོ་བ་བྱེད་དགོས།

    དོན་ཚན་བཅུ་བཞི་པ། གཉེར་སྐྱོང་པས་འཛད་སྤྱོད་པར་ཚོང་ཟོག་མཁོ་འདོན་བྱེད་པའམ་ཡང་ན་ཞབས་ཞུ་སྒྲུབ་སྐབས་ཚད་གཞི་དང་དོན་ཚན་སོགས་ཀྱི་བྱེད་ཐབས་ཐོག་ནས་དྲང་གཞག་མེད་པ་དང་ལུགས་མཐུན་མ་ཡིན་པའི་ཉོ་ཚོང་གི་ཆ་རྐྱེན་འདོན་པ་དང་། གཉེར་སྐྱོང་པའི་འགན་འཁྲི་མེད་པ་བཟོ་བ། འཛད་སྤྱོད་པའི་འོས་འགན་མང་དུ་གཏོང་བ། འཛད་སྤྱོད་པའི་ཁེ་དབང་མེད་པ་བཟོ་བ་སོགས་བྱེད་མི་ཆོག་པ་དང་། འཛད་སྤྱོད་པར་བཙན་ཤེད་དམ་ཡང་ན་འཁྲུལ་དུ་བཅུག་སྟེ་ཉོ་འཚོང་བྱེད་དུ་འཇུག་མི་ཆོག

    དོན་ཚན་བཅོ་ལྔ་པ། གཉེར་སྐྱོང་པས་ཚོང་ཟོག་མཁོ་འདོན་དང་ཞབས་ཞུ་སྒྲུབ་སྐབས་གཤམ་གསལ་གྱི་བྱེད་སྤྱོད་རིགས་སྤེལ་མི་ཆོག་པ་སྟེ།

    (གཅིག)ཕྱིར་འཚོང་བྱས་པའི་ཚོང་ཟོག་གམ་ཡང་ན་མཁོ་འདོན་བྱས་པའི་ཞབས་ཞུ་དེ་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུའི་བླང་བྱ་དང་མི་མཐུན་པའི་རིགས་དང་།

    (གཉིས)ཉོ་འཚོང་རྫུན་བཟོ་དང་། ཚོང་འགྲིག་འབོར་ཚད་རྫུན་འགོད། དཔྱད་གཏམ་རྫུན་མ་སྤེལ་བ། ཇུས་ངན་མཉམ་འདིང་ངམ་ཡང་ན་མི་གཞན་གླ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཕྱིར་འཚོང་བསླུ་ཁྲིད་བྱེད་རིགས།

    (གསུམ)ཚོང་ཟོག་གམ་ཡང་ན་ཞབས་ཞུ་རྫུན་བཟོའི་ཐོག་ནས་རང་སར་འགྲེམས་སྟོན་བྱེད་པའམ་ཡང་ན་གསལ་བཤད་བྱེད་རིགས། (བཞི)ཚོང་ཟོག་ལ་རྫུན་ལྷད་གཏོང་བ་དང་། ར་གན་གསེར་རྫུས། ལེགས་ཚབ་ཞན་སྒྲིག སྤུས་ཞན་བཟང་རྫུས། སྤུས་ཚད་མ་ལོན་པའི་ཚོང་ཟོག་སྤུས་ཚད་ལོན་ཁུལ་བྱེད་པ། དེ་བཞིན་ནུས་ཤོར་དང་རུལ་བའམ་ཡང་ན་དུས་ཚད་ཡོལ་བའི་ཚོང་ཟོག་ཕྱིར་འཚོང་བྱེད་རིགས།

    (ལྔ)རྒྱུ་འཕྲི་སླ་བཅོས་བྱེད་པ་དང་། རྒྱུ་ཆ་བརྗེ་པོ་རྒྱག་པ། ལྷུ་ལག་བརྗེ་པོ་རྒྱག་པ། ཚད་བརྒལ་ཉམས་བཟོའམ་ཡང་ན་ལས་མི་དང་རྒྱུ་ཆ་སྤྱོད་རྒྱུ་རྫུན་ཞུ་བཅས་བྱེད་རིགས།

    (དྲུག)མཛོད་དངོས་གཙང་འཚོང་གི་རིན་གོང་དང་། ཕམ་འཚོང་གི་རིན་གོང་། རིན་གོང་དམའ་ཤོས། གོང་ཁེའི་རིན་གོང་སོགས་ཡིན་ཁུལ་གྱི་གཡོ་རྫུན་བྱ་ཐབས་ཐོག་ནས་རིན་གོང་མངོན་པར་བྱེད་རིགས།

    (བདུན)ཚོང་ཟོག་གི་གསལ་བཤད་དང་། ཚད་གཞི། ཅ་ལག་གི་དངོས་དཔེ་སོགས་རྫུན་བཟོ་བྱས་པའམ་ཡང་ན་མི་ལ་གོ་ནོར་ཐེབས་སུ་བཅུག་པར་བརྟེན་ནས་ཚོང་ཟོག་འཚོང་བ་དང་ཞབས་ཞུ་སྒྲུབ་རིགས།

    (བརྒྱད)ཚོང་ཟོག་གམ་ཡང་ན་ཞབས་ཞུའི་གྲངས་འབོར་དང་། སྤུས་ཚད། ནུས་པ་སོགས་འཛད་སྤྱོད་པ་དང་ཁེ་ཕན་གྱི་འབྲེལ་བ་ཆེན་པོ་ཡོད་པའི་ཆ་འཕྲིན་རིགས་སྦ་གསང་ངམ་ཡང་ན་འུད་ཤོབ་ཀྱིས་འཛད་སྤྱོད་པ་འཁྲུལ་དུ་འཇུག་རིགས།

    (དགུ)ཕྱིར་འཚོང་བྱས་པའི་རིན་བཅག་དངོས་ཟོག་དང་། ཟོང་རོ། སྤུས་ཞན་དངོས་ཟོག་སོགས་ཡིན་པའི་ཚོང་ཟོག་ལ་ངེས་པར་གསལ་འགོད་བྱེད་དགོས་ཀྱང་གསལ་འགོད་མི་བྱེད་རིགས།

    (བཅུ)མི་གཞན་གྱི་ཐོ་འགོད་ཚོང་རྟགས་ཀྱི་ཆེད་སྤྱོད་དབང་ཆ་དང་པར་དབང་ལ་བཙན་གནོད་གཏོང་བའམ་ཡང་ན་ངོས་དཔང་མཚོན་རྟགས་སོགས་སྤུས་ཚད་ཀྱི་མཚོན་རྟགས་རྫུན་མ་བཟོ་བ་དང་སྤྱོད་རིགས།

    (བཅུ་གཅིག)ཚོང་ཟོག་གི་ཐོན་ཡུལ་རྫུན་མ་བཟོ་བ་དང་། ཐོན་སྐྱེད་དུས་ཚོད་བཟོ་བཅོས་རྒྱག་པ། མི་གཞན་གྱི་བཟོ་གྲྭའི་མིང་དང་གནས་ཡུལ་རྫུན་མ་བཟོ་བའམ་ཡང་ན་སྤྱོད་པ། མིང་དང་རྟགས(ཚོང་རྟགས་དང་། འབྱུང་འཕྲོད་ཐོན་རྫས་ཀྱི་ངོས་དཔང་མཚོན་རྟགས། སྐྱེ་ལྡན་ཐོན་རྫས་ཀྱི་མཚོན་རྟགས་སོགས་ཚུད་ཡོད)རྫུན་མ་སྤྱད་དེ་འཚོང་གཉེར་བྱེད་རིགས།

    (བཅུ་གཉིས) རྒྱལ་ཁབ་ནས་བེད་མེད་དུ་གཏོང་རྒྱུའི་བཀའ་རྒྱ་བཏང་བའམ་ཡང་ན་ཕྱིར་འཚོང་བྱེད་མཚམས་བཞག་པའི་ཚོང་ཟོག་ཕྱིར་འཚོང་བྱེད་རིགས།

    (བཅུ་གསུམ)མིང་དང་རྟགས་རྫུན་མ་སྤྱད་དེ་ཚོང་ཟོག་མཁོ་འདོན་བྱེད་པའམ་ཡང་ན་ཞབས་ཞུ་སྒྲུབ་རིགས།

    (བཅུ་བཞི)ཕྱིར་འཚོང་བྱས་པའི་ཚོང་ཟོག་ལ་ངེས་པར་དུ་ཁྲིམས་ལྟར་བརྟག་ཞིབ་དང་རིམས་ནད་བརྟག་དཔྱད་བྱེད་དགོས་ཀྱང་བརྟག་ཞིབ་དང་རིམས་ནད་བརྟག་དཔྱད་མི་བྱེད་པའམ་ཡང་ན་བརྟག་ཞིབ་དང་རིམས་ནད་བརྟག་དཔྱད་བྱས་འབྲས་རྫུན་མ་བཟོ་རིགས།

    (བཅོ་ལྔ)འཛད་སྤྱོད་པའི་ས་ནས་རིན་དངུལ་ལམ་ཡང་ན་གྲོན་དངུལ་བསྡུས་ཀྱང་ཚོང་ཟོག་མཁོ་འདོན་མི་བྱེད་པའམ་ཡང་ན་ཞབས་ཞུ་མི་སྒྲུབ་པའམ་ཡང་ན་ཁ་ཆད་བྱས་པ་ལྟར་ཚོང་ཟོག་མཁོ་འདོན་མི་བྱེད་པའམ་ཡང་ན་ཞབས་ཞུ་མ་བསྒྲུབས་པའི་རིགས།

    (བཅུ་དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་སྤྱོད་གཞན་དག་བཅས་སོ།

    དོན་ཚན་བཅུ་དྲུག་པ། གཉེར་སྐྱོང་པས་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཡོང་བཟོ་ཡོད་པའི་ཚོང་ཟོག་དང་། ཞབས་ཞུ། གནས་ཡུལ། དེ་བཞིན་སྒྲིག་བཀོད་བཅས་ངེས་པར་དུ་འཛད་སྤྱོད་པར་ཇི་མ་ཇི་བཞིན་དུ་གསལ་བཤད་རྒྱག་པ་དང་། ཉེན་བརྡ་གཏོང་བ། བབ་མཚུངས་ཀྱི་བདེ་འཇགས་འགོག་ཟོན་བྱ་ཐབས་སྤྱོད་པ་བཅས་བྱེད་དགོས་པ་མ་ཟད། ཚོང་ཟོག་དང་། གནས་ཡུལ། སྒྲིག་བཀོད་བཅས་ཀྱི་བེད་སྤྱོད་ཡང་དག་བྱེད་སྟངས་སམ་ཡང་ན་ཞབས་ཞུ་དང་ལེན་བྱེད་རྒྱུ་དང་། དེ་བཞིན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་བྱེད་པའི་ཐབས་ཤེས་གསལ་བཤད་དང་གསལ་འགོད་བྱེད་དགོས། ཉེན་ཆེའི་རོལ་རྩེད་དང་མཐར་ཟད་ལུས་རྩལ་སོགས་ཀྱི་རྣམ་གྲངས་གཉེར་མཁན་ལ་ངེས་པར་དུ་འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ལག་རྩལ་གྱི་ཆ་རྐྱེན་འཛོམས་དགོས་པ་དང་། སྒྲིག་བཀོད་དང་དེ་བཞིན་དགོས་ངེས་ཀྱི་སྲོག་སྐྱོབ་སྒྲིག་བཀོད་དང་སྲོག་སྐྱོབ་མཁན་ཡོད་དགོས་པ་མ་ཟད། འཕྲལ་སྡོམ་བྱ་ཐབས་དང་སྲོག་སྐྱོབ་ཀྱི་ཇུས་གཞིའང་བཟོ་དགོས།

    གཉེར་སྐྱོང་པས་ངེས་པར་དུ་འཛད་སྤྱོད་པར་བདེ་འཇགས་ལྡན་པའི་འཛད་སྤྱོད་བྱེད་ས་མཁོ་འདོན་བྱེད་དགོས་ཤིང་། དེའི་གཉེར་སྐྱོང་བྱེད་ས་དང་། ཞབས་ཞུའི་སྒྲིག་བཀོད། ཚོང་ཁང་གི་མཛེས་རྒྱན། ཚོང་ཟོག་བཤམས་སྟོན་བྱེད་ས་སོགས་ངེས་པར་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་། དེ་བཞིན་མིའི་གཟུགས་པོའི་བདེ་ཐང་དང་། མི་ལུས་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་བླང་བྱ་དང་མཐུན་དགོས་ལ། འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་སྐབས་གཉེར་སྐྱོང་པས་ངེས་པར་དུ་འཕྲལ་མར་རོགས་སྐྱོབ་བྱེད་དགོས།

    དོན་ཚན་བཅུ་བདུན་པ། གཉེར་སྐྱོང་པས་ཚོང་ལས་ཀྱི་བརྡ་ཁྱབ་དང་། ཐོན་རྫས་ཀྱི་གསལ་བཤད། ཅ་ལག་གི་དངོས་དཔེའམ་ཡང་ན་བརྡ་ཐོ་དང་། གསལ་བསྒྲགས། ཚོང་ཁང་གི་རྩ་ཚིག་སོགས་ཡོངས་བསྒྲགས་བྱེད་ཐབས་ལ་བརྟེན་ནས་ཚོང་ཟོག་གམ་ཡང་ན་ཞབས་ཞུའི་སྤུས་ཚད་དང་། རིན་གོང་། བཙོངས་རྗེས་ཀྱི་འགན་འཁྲི་སོགས་འཛད་སྤྱོད་པར་ཁས་ལེན་བྱས་ཚེ་ངེས་པར་དུ་དེ་བཞིན་སྒྲུབ་དགོས། འཛད་སྤྱོད་པར་གོང་གསལ་ཁས་ལེན་བྱས་ནས་ཚོང་ཟོག་ཉོ་རུ་འཇུག་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་དུ་འཇུག་པར་འཛད་སྤྱོད་པས་གཉེར་སྐྱོང་པར་ཁས་ལེན་དེ་ཁ་ཆད་བྱས་པའི་ནང་དོན་དུ་བརྩི་རྒྱུའི་རེ་བ་འདོན་ཆོག

    དོན་ཚན་བཅོ་བརྒྱད་པ། གཉེར་སྐྱོང་པས་གཉེར་སྐྱོང་བྱེད་སྐབས་ངེས་པར་དུ་ལས་གཉེར་ལག་ཁྱེར་དང་དེ་མིན་གྱི་འབྲེལ་ཡོད་ཁྲིམས་མཐུན་གོ་ཆོད་ལག་ཁྱེར་འགེལ་དགོས་པའམ་ཡང་ན་སྟོན་དགོས།

    གཉེར་སྐྱོང་པས་རང་གི་གཉེར་སྐྱོང་བྱེད་ཡུལ་དང་དྲ་ངོས་སམ་ཡང་ན་གཉེར་སྐྱོང་བྱེད་སའི་གཙོ་བོའི་ལྡེབས་ངོས་ཀྱི་མངོན་གསལ་ཆེ་སར་རང་ཉིད་ཀྱི་མིང་དང་མཚོན་རྟགས་ངོ་མ་ཇི་ཡིན་གསལ་པོ་འགོད་དགོས། གཉེར་སྐྱོང་པའི་མིང་འབྲི་ས་དང་། ཡིག་གཟུགས། ཚོས་གཞི་སོགས་ངེས་པར་དུ་གསལ་པོ་བཀོད་དེ་དབྱེ་བ་འབྱེད་བདེ་པོ་དང་འདྲི་རྩད་བྱེད་བདེ་པོ་ཡོང་བ་བྱེད་དགོས།

    མནའ་ཞུགས་རྣམ་པའི་ཐོག་ནས་ཚོང་ལས་ཀྱི་དམིགས་བསལ་བཀའ་འཁྲོལ་གྱི་གཉེར་སྐྱོང་ཐོབ་པའི་གཉེར་སྐྱོང་པས་ངེས་པར་དུ་དམིགས་བསལ་བཀའ་འཁྲོལ་ཐོབ་མཁན་དང་དམིགས་བསལ་བཀའ་འཁྲོལ་ཐོབ་ཡུལ་གྱི་མིང་དང་མཚོན་རྟགས་ངོ་མ་གང་ཡིན་གསལ་པོ་འགོད་དགོས།

    དོན་ཚན་བཅུ་དགུ་པ། དྲ་རྒྱའི་ཉོ་འཚོང་གི་ལས་སྟེགས་འདོན་མཁན་གྱིས་ངེས་པར་དུ་ལས་སྟེགས་བརྒྱུད་དེ་ཚོང་ཟོག་ཕྱིར་འཚོང་ངམ་ཡང་ན་ཞབས་ཞུ་སྒྲུབ་མཁན་གཙོ་རྐང་འདྲ་མིན་རིགས་ཀྱི་མིང་ཐོབ་ཆ་འཕྲིན་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཉེར་སྐྱོང་བྱེད་མཁན་གཙོ་རྐང་གི་གཉེར་སྐྱོང་བྱེད་སའི་གཙོ་བོའི་ལྡེབས་ངོས་ཀྱི་མངོན་གསལ་ཆེ་སར་གཤམ་གསལ་ཆ་འཕྲིན་གསལ་པོ་འགོད་དགོས་པ་སྟེ།

    (གཅིག)ཁྲིམས་ཚན་དང་། དཔལ་འབྱོར་རྩ་འཛུགས་གཞན་དག ཁེར་རྐྱང་བཟོ་ཚོང་ཐེམ་དུད་བཅས་ཀྱི་ལས་གཉེར་ལག་ཁྱེར་དང་འབྲེལ་ཡོད་འཁྲོལ་འཛིན་གྱི་ཆ་འཕྲིན་ནམ་ཡང་ན་ལས་གཉེར་ལག་ཁྱེར་གྱི་གློག་རྡུལ་སྦྲེལ་མཐུད་ངོ་རྟགས་དང་།

    (གཉིས)རང་བཞིན་གྱི་མིའི་ཐོབ་ཐང་ཆ་འཕྲིན་ངོ་རྟགས།

    དྲ་རྒྱའི་ཉོ་འཚོང་གི་ལས་སྟེགས་འདོན་མཁན་གྱིས་ཕྱིར་འཚོང་བྱེད་མཁན་ནམ་ཡང་ན་ཞབས་ཞུ་སྒྲུབ་མཁན་གྱི་མིང་དང་། གནས་ཡུལ། དེ་བཞིན་གོ་ཆོད་ཀྱི་འབྲེལ་གཏུག་བྱེད་སྟངས་བཅས་མཁོ་འདོན་བྱེད་ཐབས་མེད་ན་སྔོན་ལ་སྐྱིན་ཚབ་འཇལ་འགན་འཁུར་དགོས། ཕྱིར་འཚོང་བྱེད་མཁན་ནམ་ཡང་ན་ཞབས་ཞུ་སྒྲུབ་མཁན་གྱིས་ལས་སྟེགས་དེ་སྤྱད་ནས་འཛད་སྤྱོད་པའི་ཁེ་དབང་ལ་བཙན་གནོད་བཏང་བ་ཤེས་པའམ་ཡང་ན་ཤེས་དགོས་ཀྱང་དགོས་ངེས་ཀྱི་བྱ་ཐབས་མ་སྤྱད་ཚེ་ཞོར་འབྲེལ་གྱི་འགན་འཁྲི་འཁུར་དགོས།

    དོན་ཚན་ཉི་ཤུ་པ། ཚོང་ཟོག་ཉོ་འཚོང་ཁྲོམ་རའི་གཉེར་སྐྱོང་དོ་དམ་པ་དང་། ཁྲོམ་བཀྱག་དང་གནས་ཡུལ་བོགས་མར་གཏོང་མཁན། འགྲེམས་འཚོང་ཚོང་འདུས་གཉེར་མཁན། རླུང་འཕྲིན་བརྙན་འཕྲིན་གྱི་ཉོ་སྒྲུབ་ལས་སྟེགས་གཉེར་སྐྱོང་པ་བཅས་ཀྱིས་ངེས་པར་དུ་ཚོང་ཁང་ནང་ངམ་ཡང་ན་ལས་སྟེགས་སུ་ལས་གཉེར་བྱེད་མཁན་གཉེར་སྐྱོང་པའི་ལས་གཉེར་ལག་འཁྱེར་དང་འཁྲོལ་འཛིན་སོགས་ཀྱི་དཔྱད་ཡིག་ལ་བདེན་མིན་ཞིབ་དཔྱད་དང་པར་སློག་ཡིག་ཆ་ཉར་ཚགས་བྱེད་དགོས་པ་མ་ཟད། གོང་འཁོད་གནས་ཚུལ་རྩད་ཞིབ་བྱེད་མཁན་གྱི་འཛད་སྤྱོད་པར་ཆ་འཕྲིན་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། གཉེར་སྐྱོང་པས་མཁོ་འདོན་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་དེ་རེ་བ་དང་མ་མཐུན་ཚེ་འཛད་སྤྱོད་པས་རྒྱལ་ཁབ་ཀྱི་གཏན་འབེབས་དང་དོ་བདག་དབར་ཁ་ཆད་བྱས་པ་གཞིར་བཟུང་ཚོང་ཟོག་ཕྱིར་སློག་བྱེད་རྒྱུ་དང་། ཡང་ན་གཉེར་སྐྱོང་པར་ཚོང་ཟོག་བརྗེ་པོ་རྒྱག་རྒྱུ་དང་བཟོ་བཅོས་རྒྱག་རྒྱུ་སོགས་ཀྱི་འོས་འགན་སྒྲུབ་རྒྱུའི་རེ་བ་བཏོན་ན་འགྲིག རྒྱལ་ཁབ་ཀྱི་གཏན་འབེབས་དང་དོ་བདག་དབར་ཁ་ཆད་བྱས་མེད་ན་འཛད་སྤྱོད་པས་ཚོང་ཟོག་ལག་འབྱོར་བྱུང་བའི་ཉིན་ནས་བཟུང་གི་ཉིན་བདུན་ནང་ཚུན་དུ་ཕྱིར་སློག་བྱེད་ཆོག ཉིན་བདུན་གྱི་རྗེས་ཁྲིམས་བཅད་ལྟར་གན་རྒྱ་མེད་པ་བཟོ་རྒྱུའི་ཆ་རྐྱེན་དང་མཐུན་ཚེ་འཛད་སྤྱོད་པས་དུས་ཐོག་ཏུ་ཚོང་ཟོག་ཕྱིར་སློག་བྱེད་ཆོག ཁྲིམས་བཅད་ལྟར་གན་རྒྱ་མེད་པ་བཟོ་རྒྱུའི་ཆ་རྐྱེན་དང་མ་མཐུན་ཚེ་གཉེར་སྐྱོང་པར་ཚོང་ཟོག་བརྗེ་པོ་རྒྱག་རྒྱུ་དང་བཟོ་བཅོས་རྒྱག་རྒྱུ་སོགས་ཀྱི་འོས་འགན་སྒྲུབ་རྒྱུའི་རེ་བ་འདོན་ཆོག གོང་འཁོད་གཏན་འབེབས་གཞིར་བཟུང་ཚོང་ཟོག་ཕྱིར་སློག་བྱེད་པ་དང་། བརྗེ་པོ་རྒྱག་པ། བཟོ་བཅོས་རྒྱག་པ་བཅས་བྱས་པར་གཉེར་སྐྱོང་པས་ངེས་པར་དུ་སྐྱེལ་འདྲེན་དང་འདོན་འཇུག་སོགས་ཀྱི་དགོས་ངེས་འགྲོ་གྲོན་གཏོང་འགན་འཁུར་དགོས།

    དོན་ཚན་ཉེར་གཉིས་པ། གཉེར་སྐྱོང་པས་དྲ་རྒྱ་དང་། བརྙན་འཕྲིན། ཁ་པར། སྦྲག་ཐོག་ཉོ་སྒྲུབ་སོགས་བྱེད་ཐབས་སྤྱད་དེ་ཚོང་ཟོག་ཕྱིར་འཚོང་བྱས་ཚེ་ངེས་པར་དུ་ཚོང་ཟོག་གི་སྤུས་ཚད་དང་། ནུས་པ། ཚད་གཞི་སོགས་བརྡ་ཁྱབ་ནང་གི་ནང་དོན་དང་མཐུན་པ་བྱེད་རྒྱུའི་འགན་ལེན་དགོས་པ་མ་ཟད། ཁ་ཆད་བྱས་པའི་དུས་ཚད་གཞིར་བཟུང་ཚོང་ཟོག་མཁོ་འདོན་བྱེད་དགོས། གཉེར་སྐྱོང་པས་ཁ་ཆད་བྱས་པ་དང་འགལ་ཚེ་ངེས་པར་དུ་འཛད་སྤྱོད་པའི་རེ་བར་གཞིགས་ཏེ་ཁ་ཆད་བྱས་པ་བཞིན་ལག་བསྟར་བྱེད་པའམ་ཡང་ན་ཚོང་ཟོག་གི་དངུལ་ཕྱིར་སློག་བྱེད་དགོས་པ་མ་ཟད། དེའི་རྐྱེན་ལས་འཛད་སྤྱོད་པའི་ལུགས་མཐུན་གྱི་འགྲོ་སོང་ཕྱིན་པ་དེ་སྤྲོད་འགན་འཁུར་དགོས།

    ཚོང་ཟོག་མཁོ་འདོན་བྱེད་པའི་དུས་ཚད་ཁ་ཆད་བྱས་མེད་ན་ངེས་པར་དུ་འཛད་སྤྱོད་པས་ཚོང་ཟོག་གི་དངུལ་བསྐུར་བ་འབྱོར་ཉིན་ནས་བཟུང་ཉིན་གསུམ་ནང་ཚུན་དུ་ཚོང་ཟོག་བསྐུར་དགོས།

    དོན་ཚན་ཉེར་གསུམ་པ། གཉེར་སྐྱོང་པས་དྲ་རྒྱ་དང་། བརྙན་འཕྲིན། ཁ་པར། སྦྲག་ཐོག་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚོང་ཟོག་ཕྱིར་འཚོང་བྱས་པར་བཅའ་ཁྲིམས་ཀྱི་གཏན་འབེབས་ནང་ཕྱིར་སློག་བྱེད་རྒྱུ་མི་འཚམ་པའི་ཚོང་ཟོག་ཕུད་འཛད་སྤྱོད་པར་ཚོང་ཟོག་ལག་འབྱོར་བྱུང་ཉིན་ནས་བཟུང་ཉིན་བདུན་ནང་ཚུན་དུ་ཕྱིར་སློག་བྱེད་དབང་ཡོད་པ་མ་ཟད། རྒྱུ་མཚན་གསལ་བཤད་གང་ཡང་རྒྱག་མི་དགོས། འཛད་སྤྱོད་པས་ཕྱིར་སློག་བྱས་པའི་ཚོང་ཟོག་དེ་ངེས་པར་དུ་སྐྱོན་མེད་པ་བྱེད་དགོས་ཤིང་། གཉེར་སྐྱོང་པས་ངེས་པར་དུ་ཕྱིར་སློག་བྱས་པའི་ཚོང་ཟོག་ལག་འབྱོར་བྱུང་ཉིན་ནས་བཟུང་ཉིན་བདུན་ནང་ཚུན་དུ་འཛད་སྤྱོད་པར་ཚོང་ཟོག་གི་རིན་གོང་ཕྱིར་སློག་བྱེད་དགོས་པ་དང་། འཛད་སྤྱོད་པས་ངེས་པར་དུ་ཐེངས་དེའི་འཛད་སྤྱོད་བྱས་པ་ལས་ཐོབ་པའི་བྱ་དགའི་དངོས་པོ་དང་འབུལ་རྟེན་ནམ་ཡང་ན་གོང་ཚད་གཅིག་མཚུངས་ཀྱི་རིན་དངུལ་མཉམ་དུ་ཕྱིར་སློག་བྱེད་དགོས། ཕྱིར་བསློགས་པའི་ཚོང་ཟོག་གི་བདལ་གླ་འཛད་སྤྱོད་པས་འགན་འཁུར་དགོས་པ་དང་། གཉེར་སྐྱོང་པ་དང་འཛད་སྤྱོད་པའི་དབར་ལོགས་སུ་ཁ་ཆད་ཡོད་ན་ཁ་ཆད་དེ་བཞིན་སྒྲུབ་དགོས།

    དོན་ཚན་ཉེར་བཞི་པ། གཉེར་སྐྱོང་པས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་ལ་གཞིགས་པ་ཕུད། རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་བྱས་ན་མི་འཚམ་པའི་ཁྱབ་ཁོངས་རང་དགར་རྒྱ་ཆེ་རུ་གཏོང་མི་ཆོག ཡིན་ནའང་གཉེར་སྐྱོང་པས་གཤམ་གསལ་གྱི་ཚོང་ཟོག་ཉོ་སྒྲུབ་བྱེད་སྐབས་ཁས་ལེན་བྱས་པ་དེ་ཉིན་བདུན་ནང་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་བྱས་ན་མི་འཚམ་པའི་གཏན་འབེབས་བྱེད་ཆོག་པ་སྟེ།

    (གཅིག)ཁ་བཤིག་རྗེས་ཚོང་ཟོག་གི་ངོ་བོ་འགྱུར་སླ་བ་དང་མི་ལུས་བདེ་འཇགས་སམ་ཡང་ན་ཚེ་སྲོག་བདེ་འཇགས་ལ་གནོད་པའི་ཚོང་ཟོག་དང་།

    (གཉིས)སྐུལ་སྤྱོད་བྱས་པའམ་ཡང་ན་ཚོད་ལྟ་བྱས་རྗེས་རིན་ཐང་གྱོང་གུན་ཆེ་ཙམ་ཡོད་པའི་ཚོང་ཟོག

    (གསུམ)ཕྱིར་འཚོང་བྱེད་སྐབས་སྤུས་ཚད་འགན་ལེན་གྱི་དུས་ཚད་སླེབས་ཉེ་ཡོད་པ་གསལ་སྟོན་བྱས་པའི་ཚོང་ཟོག་དང་སྐྱོན་ཅུང་ཡོད་པའི་ཚོང་ཟོག

    (བཞི)དེ་མིན་ཚོང་ཟོག་གི་ངོ་བོའམ་ཡང་ན་འཛད་སྤྱོད་པས་ཉོ་སྒྲུབ་བྱེད་སྐབས་ཁས་ལེན་བྱས་པར་གཞིགས་ཏེ་ཚོང་ཟོག་ཕྱིར་སློག་བྱས་ན་མི་འཚམ་པའི་ཚོང་ཟོག་བཅས་སོ། གཉེར་སྐྱོང་པས་ངེས་པར་དུ་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་བྱས་ན་མི་འཚམ་པའི་ཚོང་ཟོག་རིགས་ལ་ཚོང་རྟགས་གསལ་པོ་འགོད་དགོས་པ་མ་ཟད། ཚོང་ཟོག་ཕྱིར་འཚོང་བྱེད་སྐབས་ངེས་པར་དུ་ལས་རིམ་ཁྲོད་མངོན་ཆེའི་དྲན་སྐུལ་བྱ་རིམ་བཟོས་ནས་འཛད་སྤྱོད་པའི་ཁས་ལེན་ཡོང་ཐབས་བྱེད་དགོས། འཛད་སྤྱོད་པས་ཉོ་སྒྲུབ་བྱེད་སྐབས་ཁས་ལེན་མ་བྱས་ཚེ་གཉེར་སྐྱོང་པས་ཉིན་བདུན་ནང་རྒྱུ་མཚན་མེད་པར་ཕྱིར་སློག་བྱེད་རྒྱུ་དང་ལེན་མི་བྱེད་པ་བྱེད་མི་ཆོག

    དོན་ཚན་ཉེར་ལྔ་པ། གཉེར་སྐྱོང་པས་ཚོང་ཟོག་མཁོ་འདོན་ནམ་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་གཏན་འབེབས་གཞིར་བཟུང་རིན་གོང་གསལ་པོ་འགོད་དགོས། རིན་གོང་གསལ་འགོད་བྱེད་སྐབས་ངེས་པར་དུ་གོང་ཚད་ཀྱི་ཤོག་བྱང་དང་གོང་ཚད་གསལ་ཐོ་ཆ་ཚང་བ་ཡོད་དགོས་པ་དང་། རིན་གོང་གི་ནང་དོན་ཇི་མ་ཇི་བཞིན་དང་ཁ་གསལ་དགོས་པ་མ་ཟད། ཡིག་གཟུགས་གསལ་པོ་དང་། ཟོག་བྱང་གཅིག་མཐུན། མཚོན་རྟགས་གསལ་པོ་བཅས་དགོས། རིན་གོང་སྤོར་བཅག་བྱེད་སྐབས་ངེས་པར་དུ་འཕྲལ་མར་ལེགས་སྒྲིག་བྱེད་དགོས། འཛད་སྤྱོད་པ་དང་ལོགས་སུ་ཁ་ཆད་བྱས་ཡོད་པ་ཕུད། གཉེར་སྐྱོང་པས་རིན་གོང་གསལ་འགོད་བྱས་པ་ཕུད་གོང་སྤར་ནས་ཚོང་ཟོག་ཕྱིར་འཚོང་ངམ་ཡང་ན་ཞབས་ཞུ་སྒྲུབ་རིགས་བྱེད་མི་ཆོག་པ་དང་། གསལ་འགོད་བྱས་མེད་པའི་གྲོན་དངུལ་རིགས་གང་ཡང་བསྡུ་མི་ཆོག

    དོན་ཚན་ཉེར་དྲུག་པ། གཉེར་སྐྱོང་པས་ཚོང་ཟོག་མཁོ་འདོན་དང་ཞབས་ཞུ་སྒྲུབ་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་སམ་ཡང་ན་ཚོང་ལས་ཀྱི་གོམས་སྲོལ་གཞིར་བཟུང་འཛད་སྤྱོད་པར་བཙོངས་འཛིན་སོགས་ཚོང་ཟོག་ཉོ་སྒྲུབ་ཀྱི་དཔང་འཛིན་དང་། ཞབས་ཞུའི་འཛིན་ཡིག རིན་བསྡུའི་གསལ་ཐོ་བཅས་འདོན་དགོས། འཛད་སྤྱོད་པས་བཙོངས་འཛིན་ལེན་སྐབས་གཉེར་སྐྱོང་པས་ངེས་པར་དུ་སྤྲོད་དགོས་པ་ལས་ལོགས་སུ་རིན་གོང་སྤོར་བའམ་ཡང་ན་གྲོན་དངུལ་བསྡུ་མི་ཆོག གཉེར་སྐྱོང་པས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་བཙོངས་འཛིན་སོགས་ཚོང་ཟོག་ཉོ་སྒྲུབ་ཀྱི་དཔང་འཛིན་དང་ཞབས་ཞུའི་འཛིན་ཡིག་ལམ་སེང་སྤྲོད་མ་ཐུབ་ན་ངེས་པར་དུ་ཁ་ཆད་བྱས་པའི་དུས་ཚད་ནང་གསབ་སྤྲོད་བྱེད་དགོས་པ་མ་ཟད། འཛད་སྤྱོད་པར་དེ་ལས་བྱུང་བའི་ལུགས་མཐུན་གྱི་གྲོན་དངུལ་སྤྲོད་འགན་འཁུར་དགོས། གཉེར་སྐྱོང་པས་ཚོང་ཟོག་གཞན་དག་གི་དཔང་འཛིན་ནམ་ཡང་ན་ཞབས་ཞུའི་འཛིན་ཡིག་གིས་བཙོངས་འཛིན་གྱི་ཚབ་བྱེད་མི་ཆོག འཛད་སྤྱོད་པའི་མོས་མཐུན་ཐོབ་རྗེས་གཉེར་སྐྱོང་པས་གློག་རྡུལ་ཅན་གྱི་རྣམ་པའི་ཐོག་ནས་བཙོངས་འཛིན་སོགས་ཚོང་ཟོག་ཉོ་སྒྲུབ་ཀྱི་དཔང་ཡིག་གམ་ཡང་ན་ཞབས་ཞུའི་འཛིན་ཡིག་སྤྲོད་ཆོག

    དོན་ཚན་ཉེར་བདུན་པ། གཉེར་སྐྱོང་པས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་དགོས་ཤིང་། ཁྲིམས་བཅད་ཀྱི་ཚད་འཇལ་རྩིས་གཞི་དེ་དུས་རྩིས་རྒྱག་པའི་གཞི་འཛིན་སར་བྱེད་དགོས། འཛད་སྤྱོད་པས་ཚད་འཇལ་ཡོ་བྱད་ལ་ཞིབ་བཤེར་བྱེད་རྒྱུའི་རེ་བ་བཏོན་པར་གཉེར་སྐྱོང་པས་བཀག་འགོག་བྱེད་མི་ཆོག གཉེར་སྐྱོང་པས་མཁོ་འདོན་བྱས་པའི་ཚོང་ཟོག་གི་གྲངས་འབོར་ཆད་མི་ཆོག་པ་དང་། དངོས་ཟོག་ཐུམ་སྒྲིལ་གྱི་ལྗིད་ཚད་དེ་ཚོང་ཟོག་གི་རིན་གོང་རྩིས་རྒྱག་གི་གཞི་འཛིན་སར་བྱེད་མི་ཆོག་ལ། འཛད་སྤྱོད་པས་ཚད་འཇལ་བསྐྱར་ཞིབ་ཀྱི་རེ་བ་བཏོན་པར་དང་ལེན་མི་ཞུ་བའང་བྱེད་མི་ཆོག

    དོན་ཚན་ཉེར་བརྒྱད་པ། གཉེར་སྐྱོང་པས་གདན་ཞུ་བྱས་པའི་ལས་སྒྲུབ་མི་སྣས་ཚོང་ཟོག་མཁོ་འདོན་ནམ་ཡང་ན་ཞབས་ཞུ་སྒྲུབ་སྐབས་ཚོང་ཟོག་གམ་ཡང་ན་ཞབས་ཞུ་ངོ་སྤྲོད་དང་ཁས་ལེན་བྱེད་རྒྱུ་དང་། དེ་བཞིན་འཛད་སྤྱོད་པས་བཏོན་པའི་འདྲི་རྩད་དང་ཞུ་སྦྱོར་ལ་ལན་འདེབས་བྱེད་རྒྱུ་དེ་གཉེར་སྐྱོང་པའི་བྱ་སྤྱོད་ལ་བརྩི་རྒྱུ། གཉེར་སྐྱོང་པས་བཟོས་པའི་ཞབས་ཞུའི་སྤྱི་ཆིངས་སམ་ཡང་ན་ཁས་ལེན་བྱས་པ་སོགས་འཛད་སྤྱོད་པར་ཕན་པའི་ཕྱོགས་ཡོད་ན་ངེས་པར་དུ་རྩོད་གཞི་ཐག་གཅོད་བྱེད་པའི་གཞི་འཛིན་སར་བརྩི་དགོས་པ་དང་། གཉེར་སྐྱོང་པ་དང་འཛད་སྤྱོད་པའི་དབར་ཁ་ཆད་དམ་ཡང་ན་གན་རྒྱ་བཞག་པའི་ནང་འགན་འཁྲི་ཁ་གསལ་མེད་རིགས་ངེས་པར་དུ་འཛད་སྤྱོད་པར་ཕན་པའི་ཕྱོགས་ནས་འགྲེལ་བཤད་རྒྱག་དགོས།

    དོན་ཚན་ཉེར་དགུ་པ། གཉེར་སྐྱོང་པས་རྣམ་པ་གང་ཞིག་སྤྱད་དེ་ཚོང་ཟོག་སྣོན་འཚོང་དང་ཞབས་ཞུ་སྣོན་སྒྲུབ་བའམ་ཡང་ན་ལུགས་དང་མི་མཐུན་པའི་ཆ་རྐྱེན་གཞན་དག་ཟུར་སྣོན་བྱེད་རིགས་མི་ཆོག གཉེར་སྐྱོང་པས་བཙན་ཤེད་ཀྱིས་ཉོ་འཚོང་བྱེད་དུ་འཇུག་པའམ་ཡང་ན་ཚོང་ཟོག་སྣོན་འཚོང་བྱེད་པའི་བྱ་སྤྱོད་རིགས་ལ་འཛད་སྤྱོད་པས་དང་ལེན་མི་བྱེད་པའི་དབང་ཆ་ཡོད། གཉེར་སྐྱོང་པས་གདམ་ག་ཡོད་པའི་ཞབས་ཞུ་མཁོ་འདོན་བྱེད་སྐབས་ངེས་པར་དུ་འཛད་སྤྱོད་པའི་མོས་མཐུན་ཐོབ་པ་བྱེད་དགོས། འཛད་སྤྱོད་པར་གཉེར་སྐྱོང་བྱེད་མཁན་གྱིས་རྒྱུ་མཚན་ལུགས་མཐུན་མེད་པར་ཚོང་ཟོག་གམ་ཡང་ན་ཞབས་ཞུ་མཁོ་འདོན་མི་བྱེད་པའམ་ཡང་ན་ནར་འགྱངས་རིགས་བྱེད་མི་ཆོག

    དོན་ཚན་སུམ་ཅུ་པ། གཉེར་སྐྱོང་པས་འཛད་སྤྱོད་པར་འཛད་སྤྱོད་དང་འབྲེལ་བ་མེད་པའི་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་རྒྱུའི་རེ་བ་འདོན་མི་ཆོག་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་ཕྱོགས་གཉིས་པོའི་ཁ་ཆད་ལས་འགལ་ཏེ་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་མི་ཆོག གཉེར་སྐྱོང་པས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་དགོས་ཚེ་ངེས་པར་དུ་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་དམིགས་ཡུལ་དང་། བྱེད་ཐབས། ཁྱབ་ཁོངས་བཅས་གསལ་པོ་ཤོད་དགོས་པ་མ་ཟད། འཛད་སྤྱོད་པའི་མོས་མཐུན་ཐོབ་པ་བྱེད་དགོས། གཉེར་སྐྱོང་པས་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་པ་དང་ཕྱིར་འཚོང་བྱེད་པའམ་ཡང་ན་ཁྲིམས་འགལ་ཐོག་མི་གཞན་ལ་མཁོ་འདོན་བྱེད་མི་ཆོག སྤྱི་པའི་ཞབས་ཞུ་སྒྲུབ་མཁན་གྱི་གཉེར་སྐྱོང་པས་ངེས་པར་དུ་ཆ་འཕྲིན་གྱི་གསང་སྲུང་དང་དོ་དམ་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས་པ་དང་། ཆ་འཕྲིན་གྱི་བདེ་འཇགས་དོན་རྐྱེན་རིགས་ལ་འཕྲལ་སྡོམ་ཁ་གཏད་གཅོག་པའི་སྔོན་ཇུས་བཟོས་ནས་ཆ་འཕྲིན་བདེ་འཇགས་ཡོང་བའི་འགན་ལེན་དང་འཛད་སྤྱོད་པ་སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བ་དང་བོར་བརླག་མི་ཤོར་བ་བྱེད་དགོས།

    དོན་ཚན་སོ་གཅིག་པ། འཛད་སྤྱོད་པའི་མོས་མཐུན་མ་ཐོབ་པའམ་ཡང་ན་རེ་ཞུ་མེད་པ། ཡང་ན་འཛད་སྤྱོད་པས་དང་ལེན་མི་བྱེད་རྒྱུ་ཁ་གསལ་བཏོན་པར་གཉེར་སྐྱོང་པས་དེར་ཚོང་ལས་རང་བཞིན་གྱི་ཆ་འཕྲིན་གཏོང་སྤེལ་བྱེད་མི་ཆོག གཉེར་སྐྱོང་པས་ཚོང་ལས་རང་བཞིན་གྱི་ཆ་འཕྲིན་སྤེལ་གཏོང་བྱེད་རྒྱུ་འཛད་སྤྱོད་པས་མོས་མཐུན་བྱས་ཚེ་ཕྱོགས་གཉིས་པོས་ཁ་ཆད་བྱས་པ་ཕུད་འཛད་སྤྱོད་པའི་འགྲོ་གྲོན་གསར་དུ་ཁ་སྣོན་བྱེད་མི་ཆོག

    དོན་ཚན་སོ་གཉིས་པ། གཉེར་སྐྱོང་པས་ངེས་པར་དུ་ཚོང་ཟོག་འཐེན་འདྲེན་གྱི་ཞིབ་བཤེར་རྩིས་ལེན་ལམ་ལུགས་འཛུགས་དགོས་པ་མ་ཟད། ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཚོང་ཟོག་འཐེན་འདྲེན་བྱེད་སྐབས་ཀྱི་ཐོག་མའི་བཙོངས་འཛིན་དང་འཛིན་ཡིག་སོགས་ཚོང་ཟོག་འཐེན་འདྲེན་བྱེད་ཁུངས་ར་སྤྲོད་ཐུབ་པའི་དཔྱད་ཡིག་རིགས་ཉར་ཚགས་བྱེད་དགོས་པ་མ་ཟད། རྩིས་ཁྲ་ཡང་བཟོ་དགོས།

    དོན་ཚན་སོ་གསུམ་པ། གཉེར་སྐྱོང་པས་དངོས་གཞིའི་མ་དངུལ་སྔོན་སྤྲོད་གཱའམ་ཡང་ན་གསང་ཨང་དང་། སྐྱེ་དངོས་ཀྱི་ཁྱད་ཆོས་ཆ་འཕྲིན། གློག་རྡུལ་གྲངས་གཞི་སོགས་ཀྱིས་གཞི་རྟེན་བྱས་པའི་འདྲ་བཟོའི་མ་དངུལ་སྔོན་སྤྲོད་དཔང་འཛིན་སྤྲོད་སྐབས། འཛད་སྤྱོད་པས་ཡིག་ཐོག་ནས་གན་རྒྱ་འཇོག་རྒྱུའི་རེ་བ་བཏོན་པར། གཉེར་སྐྱོང་པས་ངེས་པར་དུ་འཛད་སྤྱོད་པ་དང་མཉམ་དུ་ཡིག་ཐོག་ནས་གན་རྒྱ་འཇོག་དགོས་པ་དང་། གཉེར་སྐྱོང་བྱ་ཡུལ་དང་། འབྲེལ་གཏུག་བྱེད་ཐབས། ཚོང་ཟོག་གམ་ཡང་ན་ཞབས་ཞུའི་མིང་། སྣ་རིགས། གྲངས་འབོར། བྱེད་ནུས། སྤུས་ཚད། རིན་དངུལ་ལམ་ཡང་ན་འགྲོ་གྲོན། ལག་བསྟར་དུས་ཚད་དམ་ཡང་ན་བྱ་ཐབས། བདེ་འཇགས་ཐད་ཀྱི་ཡིད་གཟབ་དོན་གནད། དེ་བཞིན་ཉེན་ཟོན་སྔོན་བརྡ། བཙོངས་རྗེས་ཀྱི་ཞབས་ཞུ། དམངས་དོན་འགན་འཁྲི། རྩོད་གཞི་ཐག་གཅོད་བྱེད་ཐབས། གན་རྒྱ་མེད་པ་བཟོ་བ། གྲོན་དངུལ་ཕྱིར་སློག་བྱེད་ཐབས་སོགས་ཀྱི་དོན་གནད་ཁ་ཆད་གསལ་པོ་བཟོ་དགོས། གཉེར་སྐྱོང་པས་ངེས་པར་དུ་གན་རྒྱ་དང་དེ་བཞིན་གན་རྒྱ་ལག་བསྟར་བྱེད་པའི་འབྲེལ་ཡོད་དཔྱད་ཡིག་ཉར་ཚགས་ཡག་པོ་བྱས་ནས་འཛད་སྤྱོད་པས་འདྲི་རྩད་དང་པར་སློག་བྱེད་རྒྱུར་སྟབས་བདེ་སྐྲུན་དགོས།

    དོན་ཚན་སོ་བཞི་པ། གཉེར་སྐྱོང་པས་མ་དངུལ་སྔོན་སྤྲོད་དཔང་འཛིན་སྤྲོད་ཐབས་ལ་བརྟེན་ནས་ཚོང་ཟོག་གམ་ཡང་ན་ཞབས་ཞུ་སྒྲུབ་སྐབས། དངུལ་སྤྲད་ཉིན་ནས་བཟུང་ཉིན་བཅོ་ལྔའི་ནང་ཚུན་དུ་འཛད་སྤྱོད་པར་རྒྱུ་མཚན་གང་ཡང་མི་དགོས་པར་དངུལ་ཕྱིར་སློག་བྱེད་རྒྱུའི་རེ་བ་འདོན་དབང་ཡོད་པ་དང་། གཉེར་སྐྱོང་པས་ཚོང་ཟོག་མཁོ་འདོན་བྱས་པའམ་ཡང་ན་ཞབས་ཞུ་བསྒྲུབས་ནས་ཐོན་པའི་ལུགས་མཐུན་གྱི་འགྲོ་གྲོན་འཐེན་ཆོག གཉེར་སྐྱོང་པས་ཁ་ཆད་ལྟར་ཚོང་ཟོག་མཁོ་འདོན་མ་བྱས་པའམ་ཡང་ན་ཞབས་ཞུ་མ་བསྒྲུབས་ཚེ། ངེས་པར་དུ་འཛད་སྤྱོད་པའི་རེ་བ་གཞིར་བཟུང་ཁ་ཆད་ལག་བསྟར་བྱེད་དགོས་པའམ་ཡང་ན་སྔོན་སྤྲོད་མ་དངུལ་ཕྱིར་སློག་བྱེད་དགོས། འཛད་སྤྱོད་བྱས་མེད་ཚེ། ངེས་པར་དུ་གྲོན་དངུལ་གྲངས་ཚང་ཕྱིར་སློག་བྱེད་དགོས་པ་དང་། འཛད་སྤྱོད་བྱས་ཟིན་ཚེ། ངེས་པར་དུ་ཐོག་མའི་ཁ་ཆད་བྱས་པའི་གོང་ཁེའི་འཆར་གཞི་ལྟར་འཛད་སྤྱོད་བྱས་ཟིན་པའི་དངུལ་འཐེན་པ་ཕུད། དེ་བྱིངས་ཚང་མ་ཕྱིར་སློག་བྱེད་དགོས། གཉེར་སྐྱོང་པས་ལས་མཚམས་དང་ཚོང་མཚམས་འཇོག་པའམ་ཡང་ན་གཉེར་སྐྱོང་བྱ་ཡུལ་འགྱུར་བ་གཏོང་དགོས་ཚེ་ངེས་པར་དུ་ཉིན་སུམ་ཅུའི་སྔོན་ལ་འཛད་སྤྱོད་པར་བརྡ་ཐོ་གཏོང་དགོས་ཤིང་། འཛད་སྤྱོད་པར་སྔོན་སྤྲོད་མ་དངུལ་གྱི་ལྷག་གྲངས་ཕྱིར་སློག་བྱེད་རྒྱུའི་རེ་བ་འདོན་དབང་ཡོད།

    དོན་ཚན་སོ་ལྔ་པ། རྒྱལ་ཁབ་ཀྱི་གཏན་འབེབས་ཡོད་པའམ་ཡང་ན་གཉེར་སྐྱོང་པས་ཕྱིར་སློག་བྱེད་རྒྱུ་དང་། བརྗེ་པོ་རྒྱག་རྒྱུ། བཟོ་བཅོས་རྒྱག་རྒྱུ་བཅས་ཁས་ལེན་བྱས་ཚེ་གཉེར་སྐྱོང་པས་ཚོང་ཟོག་འཚོང་སྐབས་ངེས་པར་དུ་ཐུམ་སྒྲིལ་ཁ་ཕྱེ་ནས་ཞིབ་བཤེར་བྱེད་དགོས་པ་དང་། སྒྲིག་སྦྱོར་ཚོད་ལྟ་ཡང་དག་བྱེད་དགོས་ལ། བེད་སྤྱོད་དང་བདག་སྐྱོང་བྱེད་པའི་དོན་གནད“གསུམ་འགན་ལེན”བྱེད་སྟངས། དེ་བཞིན་ཉམས་བཟོ་བྱེད་མཁན་ཚན་པ་བཅས་ངོ་སྤྲོད་བྱས་ཁར། གོ་ཆོད་བཙོངས་འཛིན་དང་“གསུམ་འགན་ལེན”གྱི་དཔང་འཛིན་མཁོ་འདོན་བྱེད་དགོས།

    དོན་ཚན་སོ་དྲུག་པ། རྒྱལ་ཁབ་ཀྱི་གཏན་འབེབས་ཡོད་པའམ་ཡང་ན་གཉེར་སྐྱོང་པས་ཁས་ལེན་བྱས་པའི“གསུམ་འགན་ལེན”གྱི་ཚོང་ཟོག་རིགས། “གསུམ་འགན་ལེན”གྱི་གོ་ཆོད་དུས་ཡུན་ནང་གཉེར་སྐྱོང་པས་ངེས་པར་དུ་ཁ་ཆད་ལྟར་ཉམས་བཟོ་བྱེད་པ་དང་། བརྗེ་པོ་རྒྱག་པའམ་ཡང་ན་ཕྱིར་སློག་བྱེད་འགན་འཁུར་དགོས། གཉེར་སྐྱོང་པར་ཐོན་སྐྱེད་བྱེད་མཁན་དང་། ཚོང་ཟོག་མཁོ་འདོན་བྱེད་མཁན། ཉམས་བཟོ་བྱེད་མཁན་བཅས་དང་གན་རྒྱའི་ཁ་ཆད་བཞག་ནས་“གསུམ་འགན་ལེན”གྱི་འགན་འཁྲི་མེད་པ་བཟོ་དབང་མེད། “གསུམ་འགན་ལེན”གྱི་གོ་ཆོད་དུས་ཚད་དེ་ཚོང་ཟོག་རྩིས་སྤྲོད་བྱས་ཉིན་ནས་བཟུང་རྩིས་དགོས་པ་དང་། ཉམས་བཟོ་བྱེད་རིང་དང་ལྷུ་ལག་མེད་པར་ཉམས་བཟོ་བྱེད་རྒྱུར་འགྱངས་བའི་དུས་ཚོད་བརྩི་རྒྱུ་མེད། ཚོང་ཟོག་བརྗེ་པོ་བརྒྱབ་རྗེས“གསུམ་འགན་ལེན”གྱི་གོ་ཆོད་དུས་ཚད་དེ་ཚོང་ཟོག་བརྗེ་པོ་བརྒྱབ་ཉིན་ནས་བཟུང་བསྐྱར་དུ་བརྩི་རྒྱུ། དོན་ཚན་སོ་བདུན་པ། འཛད་སྤྱོད་པས་འཕྲུལ་སྒུལ་འཁོར་རིགས་དང་། རྩིས་འཁོར། བརྙན་འཕྲིན། ཁ་པར། འཁྱགས་སྒམ། དྲོད་སྙོམས་ཆས། གོས་འཁྲུད་འཕྲུལ་ཆས། སྣུམ་དུ་འཐེན་ཆས་སོགས་སྤྱོད་ཤེད་ཆེ་བའི་ཚོང་ཟོག་གམ་རྒྱན་སྤྲོས་མཛེས་བཟོ་སོགས་ཉོ་སྒྲུབ་དང་བེད་སྤྱོད་དམ་ཡང་ན་ཞབས་ཞུ་དང་ལེན་བྱས་ཉིན་ནས་བཟུང་ཟླ་བ་དྲུག་ནང་ཚུན་དུ་སྐྱོན་ཆག་ཡོད་པ་ཤེས་ནས་རྩོད་གཞི་བྱུང་ཚེ། གཉེར་སྐྱོང་པས་འབྲེལ་ཡོད་སྐྱོན་ཆག་གི་དཔང་རྟགས་འདོན་འགན་འཁུར་རྒྱུ། གཉེར་སྐྱོང་པས་མཁོ་འདོན་བྱས་པའི་ཚོང་ཟོག་གམ་ཡང་ན་ཞབས་ཞུའི་སྤུས་ཚད་ཚད་ལོན་པ་དང་སྐྱོན་ཆག་གང་ཡང་མེད་པའི་དཔང་རྟགས་འདོན་རྒྱུའི་ར་སྤྲོད་མ་ཐུབ་ཚེ། ངེས་པར་དུ་ཉམས་བཟོ་བྱེད་པ་དང་། བརྗེ་པོ་རྒྱག་པ། ཚོང་ཟོག་ཕྱིར་སློག་བྱེད་པ། ཚོང་ཟོག་གི་གྲངས་འབོར་ཁ་གསབ་བྱེད་པ། ཚོང་ཟོག་གི་རིན་དངུལ་ཕྱིར་སྤྲོད་བྱེད་པ། ཞབས་ཞུའི་གྲོན་དངུལ་ལམ་ཡང་ན་གྱོང་གུན་ཁ་གསབ་སྤྲོད་པ་སོགས་ཀྱི་དམངས་དོན་འགན་འཁྲི་འགན་འཁུར་དགོས།

    དོན་ཚན་སོ་བརྒྱད་པ། འཛད་སྤྱོད་པས་ཉམས་གསོ་བྱེད་རྒྱུ་དང་། བསྐྱར་བཟོ་བྱེད་རྒྱུ། བརྗེ་པོ་རྒྱག་རྒྱུ། ཚོང་ཟོག་ཕྱིར་སློག་བྱེད་རྒྱུ། ཚོང་ཟོག་གི་གྲངས་འབོར་ཁ་གསབ་བྱེད་རྒྱུ། ཚོང་ཟོག་གི་རིན་དངུལ་ཕྱིར་སྤྲོད་བྱེད་རྒྱུ། ཞབས་ཞུའི་གྲོན་དངུལ་ལམ་ཡང་ན་གྱོང་གུན་སྐྱིན་འཇལ་བྱེད་རྒྱུ་བཅས་ཀྱི་རེ་བ་བཏོན་པར། གཉེར་སྐྱོང་པས་ངེས་པར་དུ་གཏན་འབེབས་སམ་ཡང་ན་ཁ་ཆད་ལྟར་འོས་འགན་སྒྲུབ་དགོས་པ་ལས་རྐང་བཙུགས་ནས་ནར་འགྱངས་གཏོང་བའམ་ཡང་ན་རྒྱུ་མཚན་མེད་པར་ཁས་མི་ལེན་པ་བྱེད་མི་ཆོག གཤམ་གསལ་གྱི་གནས་ཚུལ་དེ་དག་ནི་གོང་འཁོད་ཀྱི་རྐང་བཙུགས་ནས་ནར་འགྱངས་བཏང་བའམ་ཡང་ན་རྒྱུ་མཚན་མེད་པར་ཁས་ལེན་མི་བྱེད་པའི་ཁོངས་ཡིན་པ་སྟེ།

    (གཅིག)གཉེར་སྐྱོང་པར་འཛད་སྤྱོད་པས་འོས་འགན་བསྒྲུབ་རྒྱུའི་རེ་བཏོན་པའམ་ཡང་ན་སྲིད་འཛིན་དོ་དམ་ཚན་པ་དང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྩོད་གཞི་ཐག་གཅོད་བྱེད་དགོས་པའི་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན་ལྔའི་ནང་ཚུན་དུ་ལན་འདེབས་མ་བྱས་པའམ་ཡང་ན་ཉིན་བཅོ་ལྔའི་ནང་ཚུན་དུ་འོས་འགན་མ་བསྒྲུབས་པའི་རིགས།

    (གཉིས)གཉེར་སྐྱོང་པས་འོས་འགན་བསྒྲུབ་རྒྱུ་ཁས་ལེན་རྗེས་ཀྱི་ཉིན་གསུམ་ནང་ཚུན་ནམ་ཡང་ན་འཛད་སྤྱོད་པས་མོས་མཐུན་བྱས་པའི་དུས་ཚད་ནང་འོས་འགན་ད་དུང་མ་བསྒྲུབས་པའི་རིགས།

    (གསུམ)སྲིད་འཛིན་སྡེ་ཚན་གྱིས་བཏོན་པའི་གཏན་འབེབས་སམ་ཡང་ན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བཏོན་པའི་འདུམ་འགྲིག་གྲོས་མཐུན་ལག་བསྟར་མ་བྱས་པའི་རིགས་བཅས་སོ།

    དོན་ཚན་སོ་དགུ་པ། འཛད་སྤྱོད་པས་ཚོང་ཟོག་ཉོ་སྒྲུབ་བམ་ཡང་ན་ཞབས་ཞུ་དང་ལེན་བྱས་པ་དེ་གཉེར་སྐྱོང་པས་ཆ་རྐྱེན་དུ་བརྩིས་ནས། འཛད་སྤྱོད་པར་བྱ་དགའ་དང་འབུལ་རྟེན་སོགས་བྲིན་སྐུལ་རྣམ་པའི་ཐོག་ནས་ཚོང་ཟོག་མཁོ་འདོན་བྱས་པའམ་ཡང་ན་ཞབས་ཞུ་བསྒྲུབས་པར། གཉེར་སྐྱོང་པས་བྱ་དགའ་དང་། འབུལ་རྟེན་ནམ་ཡང་ན་བྱ་དགའི་དངོས་པོ། འབུལ་རྟེན་དངོས་པོ། དེ་བཞིན་ཞབས་ཞུ་སྒྲུབ་པ་བཅས་ལས་ཚོང་ཟོག་ཕྱིར་སློག་བྱེད་རྒྱུ་དང་། བརྗེ་པོ་རྒྱག་རྒྱུ། བསྐྱར་བཟོ་བྱེད་རྒྱུ། ཉམས་བཟོ་བྱེད་རྒྱུ། དེ་བཞིན་འོས་འགན་གཞན་དག་སྒྲུབ་རྒྱུ་བཅས་ཀྱི་འགན་འཁུར་མི་འཇུག་པ་བྱེད་རྒྱུ་མེད།

    དོན་ཚན་བཞི་བཅུ་པ། ཕྱིར་འཚོང་བྱས་པའི་ཚོང་ཟོག་ལ་སྤྱོད་ནུས་ཀྱི་སྐྱོན་ཆ་ཡོད་ཀྱང་བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་ལས་མ་འགལ་ཚེ། ཕྱིར་འཚོང་པས་ངེས་པར་དུ་ཚོང་ཟོག་དང་། ཐུམ་སྒྲིལ་ལམ་ཡང་ན་ཕྱིར་འཚོང་བྱ་ཡུལ་གྱི་མངོན་གསལ་ཆེ་སར“རིན་བཅག་དངོས་ཟོག”དང་། “ཟོག་རོ” “སྤུས་ཞན་དངོས་ཟོག”སོགས་ཡིན་པའི་མཚོན་རྟགས་གསལ་པོ་འགོད་དགོས་པ་མ་ཟད། འཛད་སྤྱོད་པར་ཤེས་སུ་འཇུག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚོང་ཟོག་གི་སྐྱོན་ནམ་དངོས་ཡོད་སྤུས་ཚད་གང་འདྲ་ཡོད་མེད་ཇི་མ་ཇི་བཞིན་གསལ་བཤད་བྱེད་དགོས།

    དོན་ཚན་ཞེ་གཅིག་པ། ཆུ་མཁོ་འདོན་དང་། གློག་མཁོ་འདོན། དྲོད་རླངས་མཁོ་འདོན། སྦྲག་ལས། གློག་འཕྲིན། སྐུད་ཡོད་བརྙན་འཕྲིན་སོགས་ལས་རིགས་ཀྱི་སྤྱི་སྤྱོད་ཁེ་ལས་དང་། བྱ་གཞག་ཚན་པ། དེ་བཞིན་ཁེར་རྐྱང་ལས་གཉེར་གཞན་དག་བཅས་ཀྱིས་ཚོང་ཟོག་མཁོ་འདོན་བྱེད་པ་དང་ཞབས་ཞུ་སྒྲུབ་སྐབས། གཉེར་སྐྱོང་པས་མཁོ་འདོན་བྱས་པའི་ཚོང་ཟོག་གམ་ཡང་ན་ཞབས་ཞུ་འཛད་སྤྱོད་པར་བཙན་ཤེད་དང་ཐབས་སྒྱུར་གྱིས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་དུ་འཇུག་མི་ཆོག་ལ། དྲང་གཞག་མིན་པའི་དོན་ཚན་སྤྱད་ནས་འཛད་སྤྱོད་པའི་འོས་འགན་མང་དུའང་གཏོང་མི་ཆོག གོང་འཁོད་གཏན་འབེབས་ནང་གི་གཉེར་སྐྱོང་པས་ངེས་པར་དུ་རིན་གོང་སྡེ་ཚན་གྱིས་ཞིབ་གཏན་འཁེལ་བའི་ཚད་གཞི་ལྟར་འགྲོ་གྲོན་བསྡུ་དགོས་པ་ལས་རང་མཚམས་ཀྱིས་གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བའམ་ཡང་ན་རིན་བསྡུའི་རྣམ་གྲངས་མང་དུ་གཏོང་མི་ཆོག རིན་བསྡུའི་ཚད་གཞིར་འགྱུར་བ་གཏོང་དགོས་ཚེ་ངེས་པར་དུ་སྔོན་ལ་འཛད་སྤྱོད་པར་ཤེས་སུ་འཇུག་དགོས་པ་དང་། རྒྱུ་ཆའི་རིན་པ་བསྡུ་དགོས་ཚེ་ངེས་པར་དུ་འཛད་སྤྱོད་པར་རིན་བསྡུའི་གསལ་ཐོ་མཁོ་འདོན་བྱེད་དགོས། འཛད་སྤྱོད་པས་ཞབས་ཞུ་གནས་སྐབས་རིང་མཚམས་འཇོག་བྱེད་རྒྱུའི་རེ་བ་བཏོན་པར། གནས་སྐབས་རིང་མཚམས་འཇོག་བྱེད་རྒྱུའི་འགྲོ་ལུགས་འགྲིམ་དངུལ་བསྡུ་མི་ཆོག རིན་དངུལ་བསྡུ་སྐབས་ངེས་པར་དུ་གཏན་འབེབས་ལྟར་རིན་རྩིས་ཚན་པའི་ཞིབ་གསལ་རྣམ་གྲངས་གསལ་འགོད་བྱེད་དགོས། གཏན་འབེབས་ལས་འགལ་ནས་བསྡུས་པའི་རིན་དངུལ་རྣམས་ངེས་པར་དུ་འཛད་སྤྱོད་པར་ལྡབ་ཉིས་འགྱུར་གྱིས་ཕྱིར་སློག་བྱེད་དགོས།

    དོན་ཚན་ཞེ་གཉིས་པ། བཟོ་བཅོས་དང་བཟོ་སྣོན་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་དང་ཕྱོགས་གཉིས་པོའི་ཁ་ཆད་དམ་ཡང་ན་ཚོང་ལས་ཀྱི་གོམས་སྲོལ་ལྟར་ཞབས་ཞུའི་སྤུས་ཚད་ལ་འགན་སྲུང་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ཚོང་ཟོག་རྩིས་སྤྲོད་བྱེད་དགོས།

    དོན་ཚན་ཞེ་གསུམ་པ། ཉར་ཚགས་དང་གཙང་འཁྲུ་ཚོས་རྒྱག་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་ཁ་ཆད་ལྟར་ཞབས་ཞུ་སྒྲུབ་དགོས་པ་དང་། འཛད་སྤྱོད་པའི་རྒྱུ་དངོས་ཉར་ཚགས་ཡག་པོ་བྱེད་དགོས། འཛད་སྤྱོད་པའི་རྒྱུ་དངོས་་ལ་སྐྱོན་ཆག་བཟོ་བའམ་ཡང་ན་བོར་བརླག་སོང་ཚེ། ངེས་པར་དུ་འཛད་སྤྱོད་པའི་དངོས་ཡོད་ཀྱི་གྱོང་གུན་བཞིན་སྐྱིན་ཚབ་འཇལ་དགོས། རྩ་ཆེའི་རྒྱུ་དངོས་རིགས་ཡིན་ཚེ་ཕྱོགས་གཉིས་པོས་ངེས་པར་དུ་གན་རྒྱ་འཇོག་དགོས་པ་དང་། ཁ་ཆད་བྱས་པའི་གོང་ཚད་ལྟར་སྐྱིན་ཚབ་འཇལ་དགོས།

    དོན་ཚན་ཞེ་བཞི་པ། པར་ལེན་དང་པར་བཤུས་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་པར་ལེན་དང་པར་བཤུས་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་དགོས། འཛད་སྤྱོད་པའི་རྒྱུ་རྐྱེན་མིན་པའི་བརྙན་དཔར་དཔྱད་གཞིའི་རིགས་སྤུས་ཚད་ཀྱི་རེ་བ་དང་མ་མཐུན་ཚེ། ངེས་པར་དུ་འཛད་སྤྱོད་པའི་རེ་བ་ལྟར་གྲོན་དངུལ་ཕྱིར་སློག་བྱེད་པའམ་ཡང་ན་རིན་མེད་ཐོག་བསྐྱར་དུ་པར་ལེན་དང་བསྐྱར་བཤུས་བྱེད་དགོས། འཛད་སྤྱོད་པའི་མོས་མཐུན་མེད་པར་གཉེར་སྐྱོང་པས་འཛད་སྤྱོད་པའི་བརྙན་དཔར་དཔྱད་གཞི་རང་དགར་བེད་སྤྱོད་གཏོང་མི་ཆོག འཛད་སྤྱོད་པའི་སྤྱིན་ཤོག་འགྲིལ་མ་དང་། སྤྱིན་ཤོག བརྙན་ཟློས་བརྙན་དཔར་གྱི་གྲངས་གཞི་བཅས་ལ་སྐྱོན་ཆ་བྱུང་བའམ་ཡང་ན་བོར་བརླག་ཏུ་སོང་ཚེ། གཉེར་སྐྱོང་པས་ངེས་པར་དུ་བརྙན་དཔར་པར་ལེན་གྱི་དཔྱད་གཞིའི་ཞབས་ཞུའི་གོང་ཚད་ཀྱི་ལྡབ་གསུམ་ལ་གཞིགས་ཏེ་སྐྱིན་ཚབ་འཇལ་དགོས།

    དོན་ཚན་ཞེ་ལྔ་པ། ཡུལ་སྐོར་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་ཡུལ་སྐོར་འཛད་སྤྱོད་པའི་ཁ་ཆད་གཞིར་བཟུང་། ཞབས་ཞུའི་རྣམ་གྲངས་དང་རིན་བསྡུའི་ཚད་གཞི་ཡོངས་བསྒྲགས་བྱེད་དགོས་པ་དང་། ཡུལ་སྐོར་ཞབས་ཞུའི་ཆ་འཕྲིན་བདེན་པ་དང་ཡང་དག་མཁོ་འདོན་བྱེད་དགོས་པ། གན་རྒྱའི་ཁ་ཆད་དང་འབྲེལ་ཡོད་ཚད་གཞི་གཞིར་བཟུང་ཞབས་ཞུ་སྒྲུབ་དགོས། ཡུལ་སྐོར་འགྲོ་ལམ་བཀོད་སྒྲིག་བྱེད་པའམ་ཡང་ན་གཟིགས་སྐོར་གནས་ལྗོངས་སྣོན་འཕྲི་དང་ཟས་སྡོད་ཚད་གཞི་དམའ་རུ་གཏོང་བ་སོགས་རང་དགར་འགྱུར་བ་བཏང་ཚེ། འཛད་སྤྱོད་པས་ཁ་ཆད་བྱས་པའི་ཆ་རྐྱེན་ཕུད་པའི་གཏོང་སྒོའི་འགྲོ་གྲོན་རྣམས་ངེས་པར་དུ་ཕྱིར་སློག་བྱེད་དགོས།

    དོན་ཚན་ཞེ་དྲུག་པ། བཟའ་བཏུང་དང་། རོལ་རྩེད་། མགྲོན་ཁང་བཅས་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་དེའི་གསལ་འགོད་དམ་ཡང་ན་འཛད་སྤྱོད་པ་དང་ཁ་ཆད་བྱས་པའི་ཞབས་ཞུའི་རྣམ་གྲངས་དང་། ཚད་གཞི། གྲོན་དངུལ་བཅས་གཞིར་བཟུང་ཞབས་ཞུ་སྒྲུབ་པ་དང་གླ་རིན་བསྡུ་དགོས་པ་ལས་ཕྱོགས་རྐྱང་པའི་གསལ་བསྒྲགས་སམ་ཡང་ན་ཚད་གཞིའི་གཏན་འབེབས་ལྟར་འཛད་སྤྱོད་པར་བཙན་ཤེད་ཀྱིས་ཞབས་ཞུ་དང་ལེན་བྱེད་དུ་འཇུག་པའམ་ཡང་ན་ལྟོ་སྣོད་དུག་སེལ་དང་ཤེལ་དམ་ཁ་ཕྱེ་བ་སོགས་ཀྱི་གྲོན་དངུལ་བསྡུ་མི་ཆོག གཉེར་སྐྱོང་པས་དངོས་སུ་སྒྲུབ་པའི་ཞབས་ཞུའི་རྣམ་གྲངས་དང་། ཚད་གཞི། གྲོན་དངུལ་བཅས་གསལ་འགོད་དང་ཁ་ཆད་བྱས་པ་དང་གཅིག་མཐུན་མིན་པའི་རྐྱེན་གྱིས་འཛད་སྤྱོད་པར་གྱོང་གུན་བཟོས་ཚེ། གཉེར་སྐྱོང་པས་ངེས་པར་དུ་དེ་མཚུངས་ཀྱི་སྐྱིན་ཚབ་འཇལ་བ་དང་ལེགས་སྒྲིག་བྱེད་དགོས།

    དོན་ཚན་ཞེ་བདུན་པ། འགྲུལ་སྐྱེལ་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་གཏན་འབེབས་ལྟར་གྲོན་དངུལ་བསྡུ་དགོས་པ་ལས་འགྲུལ་པ་མི་བླུག་པ་དང་། ལམ་སྐོར་བ། ལམ་བར་དབོར་མཚམས་འཇོག་པའམ་ཡང་ན་འགྲུལ་པའི་འདོད་འདུན་ལ་མ་བསྟུན་པར་ལམ་བར་དུ་རིན་པ་སྤོར་བའམ་ཡང་ན་འགྲུལ་པ་འཁོར་རིགས་གཞན་ནང་གཏོང་བ་བཅས་བྱེད་མི་ཆོག བདལ་གཏོང་རླངས་འཁོར་གཉེར་སྐྱོང་པས་འགྲུལ་པའི་མོས་མཐུན་མེད་པར་འགྲུལ་པ་གཞན་དག་མཉམ་དུ་བླུག་མི་ཆོག འགྲུལ་པར་གྱོང་གུན་བཟོས་ཚེ། ངེས་པར་དུ་འགྲུལ་པའི་ཐད་ཀའི་གྱོང་གུན་སྐྱིན་ཚབ་འཇལ་དགོས།

    དོན་ཚན་ཞེ་བརྒྱད་པ། ངོ་གདོང་མཛེས་བཟོ་དང་སྐྲ་བཞར་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་པར་ངེས་པར་དུ་དེ་མཚུངས་ཀྱི་ལག་རྩལ་དང་སྒྲིག་ཆས་ཆ་རྐྱེན་འཛོམས་དགོས་པ་དང་། འཛད་སྤྱོད་པའི་གཟུགས་པོའི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་གཏན་འབེབས་སམ་ཡང་ན་ཁ་ཆད་ཀྱི་ཚད་གཞི་ལྟར་གྲོན་དངུལ་ལུགས་མཐུན་བསྡུ་དགོས་པ་ལས་རིན་གོང་གསར་སྣོན་བྱེད་མི་ཆོག

    དོན་ཚན་ཞེ་དགུ་པ། ཚོང་སྒྱུར་ཁང་པ་གསར་སྤེལ་ལམ་ཡང་ན་ལས་སྒོ་ཚབ་བྱེད་ཀྱི་གཉེར་སྐྱོང་པས་ཚོང་སྒྱུར་ཁང་པ་ཕྱིར་འཚོང་བྱེད་སྐབས་ངེས་པར་དུ་ཡིག་ཐོག་ནས་འཛད་སྤྱོད་པར་ཚོང་སྒྱུར་ཁང་པའི་གནས་ཡུལ་དངོས་དང་། རྩིས་གཞིའི་གོང་ཚད། ཨར་སྐྲུན་རྒྱ་ཁྱོན། དངོས་སྤྱོད་རྒྱ་ཁྱོན། ཁ་ཕྱོགས། ཐོག་བརྩེགས། སྤྱི་སྤྱོད་ཆ་བགོས་རྒྱ་ཁྱོན། ཨར་སྐྲུན་དང་རྒྱན་སྤྲོས་ཚད་གཞི། ཁང་པ་རྩིས་སྤྲོད་དུས་ཚོད། ཚང་སྒྲིག་སྒྲིག་བཀོད། བདག་དབང་གཉེར་སྒྲུབ་དུས་ཚད་སོགས་ཀྱི་ནང་དོན་གསལ་འགོད་བྱེད་དགོས་པ་མ་ཟད། ཕྱིར་འཚོང་བྱེད་རྒྱུའི་ཚོང་སྒྱུར་ཁང་པ་དེ་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་འབྲེལ་ཡོད་སྤུས་ཚད་ཀྱི་ཚད་གཞིར་སླེབས་པ་བྱེད་དགོས། གཏན་འབེབས་ལས་འགལ་ནས་འཛད་སྤྱོད་པར་གྱོང་གུན་བཟོས་ཚེ་ངེས་པར་དུ་འཛད་སྤྱོད་པའི་དངོས་ཡོད་ཀྱི་གྱོང་གུན་སྐྱིན་ཚབ་འཇལ་དགོས།

    དོན་ཚན་ལྔ་བཅུ་པ། ཨར་སྐྲུན་རྒྱན་སྤྲོས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་འཛད་སྤྱོད་པ་དང་མཉམ་དུ་རྒྱན་སྤྲོས་ཀྱི་རྣམ་གྲངས་དང་། ཚད་གཞི། རིན་གོང་། ཨར་ལས་དུས་ཚད། ཁང་པའི་ནང་གི་ཁོར་ཡུག་ལྟ་དཔྱད་དམིགས་ཚད། ཉམས་བཟོའི་འགན་ལེན་དུས་ཚད། ཉམས་བཟོའི་འགན་ལེན་གྱི་ནང་དོན་སོགས་ཞིབ་ཕྲའི་ནང་དོན་ཡིག་ཐོག་ནས་ཁ་ཆད་བྱེད་དགོས། གཉེར་སྐྱོང་པས་ཁ་ཆད་བྱས་པའི་ཆ་རྐྱེན་ལས་འགལ་ཏེ་ལས་ལོག་རྒྱག་དགོས་ངེས་ཡིན་ཚེ། ངེས་པར་དུ་འཛད་སྤྱོད་པ་དང་བསྐྱར་དུ་ཁ་ཆད་བྱས་པའི་དུས་ཚད་ལྟར་ལས་ལོག་བརྒྱབ་ཚར་བ་བྱེད་དགོས་པ་དང་། ལས་སློག་རྒྱག་དགོས་པའི་འགྲོ་གྲོན་དེ་གཉེར་སྐྱོང་པས་འགན་འཁུར་དགོས། རྩིག་པ་དང་ས་ངོས་ནང་གི་གློག་རླངས་དྲ་རྒྱའི་མདོང་ལམ་དང་ཆུ་བཤངས་མདོང་ལམ་སོགས་མངོན་མེད་ལས་གྲྭའི་ཉམས་བཟོའི་འགན་ལེན་དུས་ཚད་དེ་ལོ་ལྔ་ལས་ཉུང་མི་ཆོག་པ་དང་། རྒྱན་སྤྲོས་བྱེད་ཁོངས་གཞན་དག་གི་ཉམས་བཟོའི་འགན་ལེན་དུས་ཚད་དེ་ལོ་གཉིས་ལས་ཉུང་མི་ཆོག ཉམས་བཟོའི་འགན་ལེན་དུས་ཚད་དེ་རྒྱན་སྤྲོས་ཀྱི་ལས་གཞི་མཇུག་འགྲིལ་རྩིས་ལེན་བྱས་ཉིན་ནས་བཟུང་བརྩི་རྒྱུ།

    དོན་ཚན་ང་གཅིག་པ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཕྱིར་འཚོང་གཉེར་སྐྱོང་པས་རྫུན་ལྷད་ཡོད་པའི་ས་བོན་དང་། སྨྱུག་སོན། ལུད། ཞིང་སྨན། ཕྱུགས་སྨན། གཟན་ཆག ཕྱུགས་རྒྱུད་དང་བྱ་རིགས་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཕྱིར་འཚོང་བྱས་ཏེ་ཞིང་འབྲོག་པའི་ཐོན་འབབ་ཆག་པ་དང་སྟོན་འབབ་རྩ་བ་ནས་མ་བྱུང་བའམ་ཡང་ན་ཁྱིམ་བྱ་དང་སྒོ་ཕྱུགས་ཤི་བའམ་ཡང་ན་ས་རྒྱུར་གནོད་སྐྱོན་ཕོག་ཚེ། གཉེར་སྐྱོང་པས་ངེས་པར་དུ་ཐད་ཀའི་གྱོང་གུན་དང་ཐོབ་རྒྱུའི་ཁེ་འབབ་ཀྱི་གྱོང་གུན་སྐྱིན་ཚབ་འཇལ་དགོས།

    དོན་ཚན་ང་གཉིས་པ། འཁྲབ་སྟོན་ལས་རིགས་ཀྱི་གཉེར་སྐྱོང་པས་ངེས་པར་དུ་འཁྲབ་སྟོན་བྱེད་མཁན་དང་། འཁྲབ་ཚན། དུས་ཚོད། འཁྲབ་ས་སོགས་བརྡ་ཁྱབ་ཀྱི་དྲིལ་བསྒྲགས་དང་གཅིག་མཚུངས་ཡོང་བ་བྱེད་དགོས་པ་དང་། གནས་ཚུལ་ལ་འགྱུར་བ་བྱུང་ནས་འགྱུར་བ་གཏོང་དགོས་ཚེ་ངེས་པར་དུ་ཐོག་མར་གཏན་འབེབས་བྱས་པའི་འཁྲབ་སྟོན་དུས་ཚོད་ཀྱི་ཉིན་གསུམ་སྔོན་དུ་གཅིག་མཚུངས་ཀྱི་དྲིལ་བསྒྲགས་བྱེད་ཁོངས་ནང་གཅིག་མཚུངས་ཀྱི་དྲིལ་བསྒྲགས་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པར་ཤེས་སུ་འཇུག་དགོས་པ་མ་ཟད། འཛད་སྤྱོད་པའི་རེ་བ་གཞིར་བཟུང་སྤ་སེ་བརྗེ་པའམ་ཡང་ན་སྤ་སེ་ཕྱིར་སློག་བྱེད་དགོས།

    ལེའུ་གསུམ་པ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་དང་རྩོད་གཞི་ཐག་གཅོད།

    དོན་ཚན་ང་གསུམ་པ། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྲིམས་ལྟར་གཤམ་གསལ་གྱི་སྤྱི་ཕན་རང་བཞིན་གྱི་འགན་འཁྲི་ཁག་སྒྲུབ་དགོས་པ་སྟེ།

    (གཅིག)འཛད་སྤྱོད་པར་འཛད་སྤྱོད་ཆ་འཕྲིན་དང་འདྲི་རྩད་ཞབས་ཞུ་མཁོ་འདོན་བྱས་ནས་འཛད་སྤྱོད་པས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུའི་ནུས་པ་ཆེ་རུ་གཏོང་དགོས་པ་མ་ཟད། ཤེས་དཔལ་དང་། བདེ་ཐང་། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་བཅས་ཐད་ཀྱི་འཛད་སྤྱོད་བྱེད་སྟངས་ལ་ཁྲིད་སྟོན་བྱེད་དགོས་པ་དང་།

    (གཉིས)འཛད་སྤྱོད་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། བཙན་ཐབས་རང་བཞིན་གྱི་ཚད་གཞི་བཅས་བཟོ་རྒྱུའི་ནང་ཞུགས་དགོས་པ། (གསུམ)འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ཚོང་ཟོག་དང་ཞབས་ཞུར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་ནང་ཐེ་ཞུགས་བྱེད་དགོས་པ།

    (བཞི)འབྲེལ་ཡོད་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་གི་གནད་དོན་སྐོར་འབྲེལ་ཡོད་སྡེ་ཚན་ལ་གསལ་ཞུ་དང་རྩད་ཞིབ་བྱེད་དགོས་པ་མ་ཟད། གྲོས་འཆར་ཡང་འདོན་དགོས་པ།

    (ལྔ)འཛད་སྤྱོད་པའི་ཞུ་སྦྱོར་བདག་སྤྲོད་བྱེད་པ་དང་སྦྲགས་ཞུ་སྦྱོར་གྱི་དོན་གནད་ལ་བརྟག་དཔྱད་དང་འདུམ་འགྲིག་བྱེད་དགོས་པ། (དྲུག)ཞུ་སྦྱོར་བྱས་པའི་ནང་དོན་དེ་ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་ཀྱི་གནད་དོན་དང་འབྲེལ་བ་ཡོད་ཚེ། འོས་ཐོབ་ཡོད་པའི་དཔྱད་འདོམས་པར་དཔྱད་འདོམས་བྱེད་རྒྱུའི་མངག་བཅོལ་བྱས་ན་འགྲིག དཔྱད་འདོམས་པས་ངེས་པར་དུ་དཔྱད་འདོམས་བྱས་པའི་བསམ་འཆར་ཤོད་དགོས་པ།

    (བདུན)འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས། གནོད་འཚེ་ཕོག་མཁན་གྱི་འཛད་སྤྱོད་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་བྱ་ཐབས་འདིར་གཞིགས་ཏེ་ཞུ་སྦྱོར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ།

    (བརྒྱད)འཛད་སྤྱོད་པའི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ལ་མཚམས་སྦྱོར་བརྒྱུད་སྤེལ་ཐོག་ནས་ཐེར་འདོན་དང་སྐྱོན་བརྗོད་བྱེད་དགོས་པ།

    (དགུ)འཛད་སྤྱོད་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྤྱི་སྤྱོད་བྱ་གཞག་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ། རང་བྱུང་སྒེར་སྡོམ་ཐོག་ནས་གཉེར་སྐྱོང་བྱེད་པའི་ཚོང་ཟོག་གི་རིན་གོང་གཟུ་ཉན་ཚོགས་འདུ་བཅས་ནང་ཞུགས་དགོས་པ།

    (བཅུ)ཁུལ་ཁོངས་དང་རྒྱལ་མཚམས་སྒྲོལ་བའི་འཛད་སྤྱོད་ཀྱི་རྩོད་གཞི་ཐག་གཅོད་དང་། ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་པ།

    (བཅུ་གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།

    དོན་ཚན་ང་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་གཉེར་སྐྱོང་པས་ཁྲིམས་འགལ་གྱིས་ཡིད་རྟོན་ཤོར་བར་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་འཛུགས་དགོས་པ་དང་། གཉེར་སྐྱོང་པས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ཀྱི་སྲིད་འཛིན་ཆད་གཅོད་ཆ་འཕྲིན་དེ་ཡིད་རྟོན་ཡིག་ཚགས་ནང་བཀོད་ཐོག རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་སྤྱི་བསྒྲགས་མ་ལག་དང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཡིད་རྟོན་ཆ་འཕྲིན་གྱི་མཉམ་སྤྱོད་ལས་སྟེགས། དེ་བཞིན་བོད་ལྗོངས་ཡིད་རྟོན་དྲ་ཚུགས་བཅས་བརྒྱུད་དེ་སྤྱི་ཚོགས་ལ་སྤྱི་བསྒྲགས་སྤེལ་དགོས་པ་མ་ཟད། ཡིད་རྟོན་གྱི་ཆད་གཅོད་བསླབ་འདོམས་བྱེད་དགོས་པ་དང་། གཉེར་སྐྱོང་པས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་འགན་འཁུར་རྒྱུར་སྐུལ་མ་བཏང་སྟེ་འཛད་སྤྱོད་པས་འཛད་སྤྱོད་ཀྱི་ཉེན་ཁ་དབྱེ་འབྱེད་བྱེད་རྒྱུར་སྟབས་བདེ་སྐྲུན་དགོས།

    དོན་ཚན་ང་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ཆུ་མཁོ་འདོན་དང་། གློག་མཁོ་འདོན། སོལ་རླངས་མཁོ་འདོན། དེ་བཞིན་གློག་འཕྲིན་དང་སྐུད་ཡོད་བརྙན་འཕྲིན། འགྲིམ་འགྲུལ་སོགས་ཐད་ཀྱི་འཛད་སྤྱོད་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གལ་ཆེའི་སྲིད་ཇུས་བཟོ་སྐབས་ངེས་པར་དུ་བཞུགས་མོལ་ཚོགས་འདུ་དང་གཟུ་ཉན་ཚོགས་འདུ་སོགས་འཚོགས་ཐབས་ལ་བརྟེན་ནས་འཛད་སྤྱོད་པའི་མཐུན་ཚོགས་དང་འཛད་སྤྱོད་པའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་དགོས།

    དོན་ཚན་ང་དྲུག་པ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་དང་མཉམ་དུ་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཁྲོམ་ར། ཁེ་ལས། གནས་ལྗོངས་ཁུལ། སྡེ་ཁུལ། སློབ་གྲྭ་སོགས་འཚོ་བའི་འཛད་སྤྱོད་གཅིག་སྡུད་ཁུལ་ཁོངས་སུ་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཞབས་ཞུའི་ས་ཚུགས་དང་ཁེ་དབང་སྲུང་སྐྱོབ་ཀྱི་འབྲེལ་གཏུག་བྱེད་གནས་འཛུགས་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་སྟེ། དུས་བཅད་ནང་འབྲེལ་ཡོད་མི་སྣར་ལས་སྒོའི་ཤེས་བྱའི་སྦྱོང་བརྡར་སྤྲས་ཏེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་ནུས་ཆོད་ཆེ་རུ་གཏོང་དགོས། གྲོང་ཁྱེར(ས་གནས)དང་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་ཞབས་ཞུའི་ས་ཚུགས་ཀྱི་ལས་ཀར་རྒྱབ་སྐྱོར་བྱེད་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་མཁན་ཞབས་ཞུའི་ས་ཚུགས་ཀྱིས་ངེས་པར་དུ་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག མངོན་གསལ་ཆེ་སར་ཞབས་ཞུའི་ངོ་རྟགས་འགེལ་དགོས་པ་མ་ཟད། འཛད་སྤྱོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་འཛད་སྤྱོད་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་དགོས་པ་དང་། འཛད་སྤྱོད་པས་བློ་འདྲི་བྱས་པར་ཁྲིམས་ལྟར་ལན་བཏབ་ནས་དུས་ཐོག་ཏུ་འཛད་སྤྱོད་པའི་ཞུ་སྦྱོར་བདག་སྤྲོད་བྱེད་དགོས།

    དོན་ཚན་ང་བདུན་པ། འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལོ་འཁོར་གྱི་ཟུར་བཤེར་དང་ཞིབ་བཤེར་རྩིས་ལེན་གྱི་འཆར་གཞི་བཟོ་དགོས་པ་དང་། གཉེར་སྐྱོང་པས་མཁོ་འདོན་བྱས་པའི་ཚོང་ཟོག་དང་ཞབས་ཞུར་དུས་བཅད་དམ་ཡང་ན་དུས་ངེས་མེད་ཐོག་ཟུར་བཤེར་དང་ཞིབ་བཤེར་རྩིས་ལེན་བྱེད་དགོས་པ་མ་ཟད། འཕྲལ་མར་སྤྱི་བྱིངས་བརྒྱུད་སྤེལ་མཚམས་སྦྱོར་ཐོག་ནས་སྤྱི་ཚོགས་ལ་ཟུར་བཤེར་དང་ཞིབ་བཤེར་བྱས་འབྲས་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་ང་བརྒྱད་པ། འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་ལྟར་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཀྱི་འགན་འཁྲི་སྒྲུབ་སྐབས་གཤམ་གསལ་གྱི་འགན་དབང་སྤྱོད་ཆོག་པ་སྟེ།

    (གཅིག)འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཐོན་སྐྱེད་དང་ཕྱིར་འཚོང་གི་བྱེད་སྒོ་སྤེལ་གནས་སུ་ཞིབ་བཤེར་བྱེད་རྒྱུ་དང་།

    (གཉིས)གཉེར་སྐྱོང་པ་དང་འབྲེལ་ཡོད་མི་སྣ་གཞན་དག་ས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཐོན་སྐྱེད་དང་ཕྱིར་འཚོང་གི་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་དང་ཤེས་རྟོགས་བྱེད་རྒྱུ།

    (གསུམ)དུས་བཅད་ལྟར་འབྲེལ་ཡོད་ར་སྤྲོད་དཔྱད་ཡིག་འདོན་དགོས་པའི་རེ་བ་འདོན་རྒྱུ།

    (བཞི)འབྲེལ་ཡོད་གན་རྒྱ་དང་། སྤ་སེ། རྩིས་ཐོ། དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་ཡིག་གཞན་དག་ལྟ་ཀློག་དང་པར་སློག་བྱེད་རྒྱུ། (ལྔ)འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་བཟོ་ཉེན་ཆེ་བའི་སྐྱོན་ཅན་ཚོང་ཟོག་རིགས་གཉེར་སྐྱོང་པར་ཕྱིར་འཚོང་བྱེད་མཚམས་འཇོག་ཏུ་འཇུག་པ་དང་། ཉེན་བརྡ་གཏོང་བ། ཚུར་བསྡུ་བ། གནོད་མེད་ཅན་དུ་ཐག་གཅོད་བྱེད་པ། མེད་པ་བཟོ་བ། ཐོན་སྐྱེད་དམ་ཡང་ན་ཞབས་ཞུ་སྒྲུབ་མཚམས་འཇོག་ཏུ་འཇུག་པ་སོགས་ཀྱི་བྱ་ཐབས་སྤྱོད་རྒྱུ།

    (དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་དབང་གཞན་དག་བཅས་སོ།

    དོན་ཚན་ང་དགུ་པ། འཛད་སྤྱོད་པ་དང་གཉེར་སྐྱོང་པའི་དབར་རྩོད་གཞི་བྱུང་ཚེ། གཤམ་གསལ་གྱི་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱེད་དགོས་པ་སྟེ།

    (གཅིག)གཉེར་སྐྱོང་པ་དང་གྲོས་མོལ་འདུམ་འགྲིག་ཡོང་བ་བྱེད་དགོས་པ་དང་།

    (གཉིས)འཛད་སྤྱོད་པའི་མཐུན་ཚོགས་སམ་ཡང་ན་ཁྲིམས་ལྟར་བཙུགས་པའི་འདུམ་འགྲིག་རྩ་འཛུགས་གཞན་དག་ལ་འདུམ་འགྲིག་ཡོང་རེ་བྱེད་དགོས་པ།

    (གསུམ)འབྲེལ་ཡོད་སྲིད་འཛིན་སྡེ་ཚན་ལ་ཞུ་སྦྱོར་བྱེད་དགོས་པ། (བཞི)གཉེར་སྐྱོང་པ་དང་གཅིག་མཐུན་བྱུང་བའི་འདུམ་གཅོད་གྲོས་མཐུན་ལ་གཞིགས་ཏེ་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་ཡོང་རེ་ཞུ་དགོས་པ།

    (ལྔ)མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་དགོས་པ་བཅས་སོ།

    དོན་ཚན་དྲུག་ཅུ་པ། འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ངེས་པར་དུ་འཛད་སྤྱོད་པའི་ཁེ་དབང་གི་རྩོད་གཞི་ཞུ་སྦྱོར་འབྱོར་ཉིན་ནས་བཟུང་གི་ཉིན་ལྔའི་ནང་ཚུན་དུ་བདག་སྤྲོད་བྱེད་དགོས་མིན་གཏན་འཁེལ་བྱེད་དགོས།

    འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཞུ་སྦྱོར་བདག་སྤྲོད་བྱས་རྗེས་ངེས་པར་དུ་ལས་ཀའི་ཉིན་གྲངས་བཅུའི་ནང་ཚུན་དུ་འདུམ་འགྲིག་བྱེད་དགོས།

    སྲིད་འཛིན་སྡེ་ཚན་གྱིས་འཛད་སྤྱོད་པའི་མཐུན་ཚོགས་ལ་འདྲི་རྩད་བྱས་ཚེ་ངེས་པར་དུ་ལས་ཀའི་ཉིན་གྲངས་ལྔའི་ནང་ཚུན་དུ་ལན་འདེབས་དགོས། ལན་འདེབས་རྩ་བ་ནས་མ་བྱས་ཚེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་སམ་ཡང་ན་དེའི་གོང་རིམ་སྲིད་འཛིན་ལས་ཁུངས་ལ་སྙན་སེང་ཞུས་ཆོག

    དོན་ཚན་རེ་གཅིག་པ། འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་དུ་ཁྲིམས་ལྟར་འཛད་སྤྱོད་པའི་ཞུ་སྦྱོར་ཐག་གཅོད་བྱེད་དགོས་པ་མ་ཟད། ཞུ་སྦྱོར་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་བདུན་གྱི་ནང་ཚུན་དུ་བདག་སྤྲོད་བྱེད་དགོས་མིན་གཏན་འཁེལ་བྱེད་དགོས།

    སྲིད་འཛིན་སྡེ་ཚན་གྱིས་བདག་སྤྲོད་བྱེད་རྒྱུ་གཏན་འཁེལ་བྱས་ཚེ། ངེས་པར་དུ་འཕྲལ་མར་ཐག་གཅོད་བྱེད་དགོས། བདག་སྤྲོད་མ་བྱས་ཚེ། ངེས་པར་དུ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་མ་ཟད། རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་གཞན་དག་ཤེས་སུ་འཇུག་དགོས།

    དོན་ཚན་རེ་གཉིས་པ། ཚོང་ཟོག་གམ་ཡང་ན་ཞབས་ཞུའི་སྤུས་ཚད་ཀྱི་རྐྱེན་པས་རྩོད་གཞིར་ཞིབ་དཔྱད་ཚད་ལེན་དང་དཔྱད་འདོམས་བྱེད་དགོས་ཚེ། འཛད་སྤྱོད་པ་དང་གཉེར་སྐྱོང་པས་ཞིབ་དཔྱད་ཚད་ལེན་དང་དཔྱད་འདོམས་ལས་ཁུངས་སམ་ཡང་ན་ཚན་པ་དང་ཁ་ཆད་བྱས་ན་འགྲིག ཁ་ཆད་མ་བྱུང་ཚེ་འཛད་སྤྱོད་ཞུ་སྦྱོར་དེ་བདག་སྤྲོད་བྱེད་མཁན་གྱི་འཛད་སྤྱོད་པའི་མཐུན་ཚོགས་སམ་ཡང་ན་སྲིད་འཛིན་སྡེ་ཚན་གྱིས་འོས་ཐོབ་ཡོད་པའི་དཔྱད་འདོམས་པར་མངགས་བཅོལ་ལམ་ཡང་ན་དམིགས་འཛུགས་བྱས་ནས་དཔྱད་འདོམས་བྱེད་དུ་འཇུག་རྒྱུ།

    ཞིབ་དཔྱད་ཚད་ལེན་དང་དཔྱད་འདོམས་བྱས་པའི་འགྲོ་གྲོན་དེ་གཉེར་སྐྱོང་པས་སྔ་རྟིང་གཏོང་རྒྱུ་དང་། འཛད་སྤྱོད་པས་གྲངས་མཚུངས་ཁག་ཐེག་བྱེད་དགོས། མཐའ་མ་འགན་འཁྲི་ཡོད་མཁན་ཕྱོགས་ཀྱིས་སྤྲོད་འགན་འཁུར་རྒྱུ།

    འཛད་སྤྱོད་པའི་མཐུན་ཚོགས་སམ་ཡང་ན་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་འཛད་སྤྱོད་པའི་ཞུ་སྦྱོར་ཐག་གཅོད་བྱེད་སྐབས་ཞིབ་དཔྱད་ཚད་ལེན་དང་དཔྱད་འདོམས་བྱེད་དགོས་ཚེ་འབྲེལ་ཡོད་བརྟག་ཞིབ་ལས་ཁུངས་སམ་ཡང་ན་དཔྱད་འདོམས་རྩ་འཛུགས་ཀྱིས་ངེས་པར་དུ་བདག་སྤྲོད་བྱེད་དགོས་པ་མ་ཟད། ཞིབ་དཔྱད་ཚད་ལེན་དང་དཔྱད་འདོམས་བྱས་པའི་སྙན་ཞུ་ཇི་མ་ཇི་བཞིན་འདོན་དགོས། ཞིབ་དཔྱད་ཚད་ལེན་དང་དཔྱད་འདོམས་བྱེད་ཐབས་མེད་ཚེ། འབྲེལ་ཡོད་བརྟག་ཞིབ་ལས་ཁུངས་སམ་ཡང་ན་དཔྱད་འདོམས་རྩ་འཛུགས་ཀྱིས་ངེས་པར་དུ་རྒྱུ་མཚན་གསལ་བཤད་རྒྱག་དགོས།

    ལེའུ་བཞི་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་རེ་གསུམ་པ། བྱ་ཐབས་འདིའི་དོན་ཚན་བཅོ་ལྔ་པ་དང་སུམ་ཅུ་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཚེ། དེ་མཚུངས་ཀྱི་དམངས་དོན་འགན་འཁྲི་འཁུར་དགོས་པ་ཕུད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་ལས་ཁུངས་དང་ཆད་གཅོད་བྱེད་ཐབས་ཐད་གཏན་འབེབས་ཡོད་ཚེ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་རྒྱུ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་མེད་ཚེ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གཞན་དག་གིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཆད་པ་གཅིག་པུར་གཅོད་པའམ་ཡང་ན་མཉམ་སྦྲགས་སུ་ཐ་ཚིག་སྒྲོག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་བ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་འགེལ་བ། དེ་བཞིན་ཁྲིམས་འགལ་གྱི་ཐོབ་ཆ་མེད་ན་སྒོར་ཁྲི་50མན་གྱི་དངུལ་ཆད་འགེལ་བ། གནས་ཚུལ་ཚབས་ཆེ་རིགས་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་པ་བཅས་བྱས་ན་འགྲིག

    དོན་ཚན་རེ་བཞི་པ། གཉེར་སྐྱོང་པར་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་ལས་ཁུངས་དང་ཆད་གཅོད་བྱེད་ཐབས་ཐད་གཏན་འབེབས་ཡོད་ཚེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་མེད་ཚེ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཆད་པ་གཅིག་པུར་གཅོད་པའམ་ཡང་ན་ཐ་ཚིག་སྒྲོག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་རིགས་གཞུང་བཞེས་གཏོང་བ་དང་སྦྲགས་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་པ། གནས་ཚུལ་ཚབས་ཆེ་བར་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་པ་བཅས་བྱས་ན་འགྲིག་པ་སྟེ།

    (གཅིག)གཏན་འབེབས་ལྟར་ཚོང་ཟོག་འཐེན་འདྲེན་བྱེད་སྐབས་ཐོག་མའི་བཙོངས་འཛིན་དང་འཛིན་ཡིག་སོགས་ཚོང་ཟོག་འཐེན་ཁུངས་ར་སྤྲོད་ཀྱི་དཔྱད་ཡིག་ཉར་ཚགས་མ་བྱས་ཚེ། སྒོར་2000ཡན་ནས་སྒོར་5000མན་གྱི་དངུལ་ཆད་འགེལ་རྒྱུ་དང་།

    (གཉིས)འཛད་སྤྱོད་པར་བཙན་ཤེད་ཀྱིས་ཚོང་ཟོག་ཉོ་རུ་བཅུག་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་དུ་བཅུག་ཚེ་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གསུམ་གྱི་དངུལ་ཆད་འགེལ་རྒྱུ།

    (གསུམ)ཚོང་ཁང་ངམ་ཡང་ན་དང་ལས་སྟེགས་སུ་ལས་གཉེར་བྱེད་མཁན་གཉེར་སྐྱོང་པའི་ལས་གཉེར་ལག་འཁྱེར་དང་འཁྲོལ་འཛིན་སོགས་ཀྱི་དཔྱད་ཡིག་ལ་ཞིབ་བཤེར་བྱས་མེད་ཚེ། སྒོར་2000ཡན་ནས་སྒོར་5000མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་རེ་ལྔ་པ། བྱ་ཐབས་འདིའི་དོན་ཚན་ཞེ་དྲུག་པའི་གཏན་འབེབས་ལས་འགལ་ཚེ། ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་ཁྲི་3ཡན་ནས་སྒོར་ཁྲི་30མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ། ཡུལ་སྐོར་བ་ཡུན་རིང་གནས་དེར་ལུས་པ་སོགས་ཀྱི་མཇུག་འབྲས་ཚབས་ཆེ་བཟོས་ཚེ། ཡུལ་སྐོར་ལས་དོན་ཁང་གི་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་མེད་པ་བཟོ་རྒྱུ། ཐད་ཀའི་གཙོ་འགན་འཁུར་མཁན་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་2000ཡན་ནས་སྒོར་ཁྲི་2མན་གྱི་དངུལ་ཆད་འགེལ་རྒྱུ་མ་ཟད། སྣེ་ཤན་པའི་ལག་ཁྱེར་དང་རུ་སྣེ་ཁྲིད་པ་ལག་ཁྱེར་གནས་སྐབས་བསྡུ་རྒྱུའམ་ཡང་ན་མེད་པ་བཟོ་རྒྱུ།

    དོན་ཚན་རེ་དྲུག་པ། བྱ་ཐབས་འདིའི་དོན་ཚན་ཞེ་བརྒྱད་པའི་གཏན་འབེབས་ལས་འགལ་ཚེ། འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུའམ་ཡང་ན་ཉིན་15ནང་ཚུན་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ལག་ཁྱེར་གནས་སྐབས་བསྡུ་རྒྱུ་མ་ཟད། སྒོར་200ཡན་ནས་སྒོར་500མན་གྱི་དངུལ་ཆད་འགེལ་རྒྱུ།

    དོན་ཚན་རེ་བདུན་པ། གཉེར་སྐྱོང་པས་མཁོ་འདོན་བྱས་པའི་ཚོང་ཟོག་གམ་ཡང་ན་ཞབས་ཞུས་འཛད་སྤྱོད་པའི་མི་ལུས་ལ་གནོད་འཚེ་བཟོས་པ་དང་། དབང་སྐྱོན་བཟོས་པ། ཤི་བ་བཅས་བྱུང་ཚེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྐྱིན་ཚབ་འཇལ་དུ་འཇུག་རྒྱུ་དང་། ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་རྒྱུ།

    དོན་ཚན་རེ་བརྒྱད་པ། འབྲེལ་ཡོད་སྲིད་འཛིན་སྡེ་ཚན་དང་དེའི་ལས་དོན་མི་སྣས་བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནས་རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེ་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ། དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་སྡེ་ཚན་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཐད་ཀའི་གཙོ་འགན་འཁུར་མཁན་དང་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་རྒྱུ།

    དོན་ཚན་རེ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།

    ལེའུ་ལྔ་པ། ཞར་བྱུང་།

    དོན་ཚན་བདུན་བཅུ་པ། བྱ་ཐབས་འདི་2017ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ། 2001ལོའི་ཟླ་11ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས>ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ།

    (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཡིག་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ)

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།