ཚེས་27ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ནོར་བུ་དོན་གྲུབ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་བོད་ལྗོངས་ཧུང་ཧྥ་ཚོགས་པ་དང་བོད་ལྗོངས་དེང་རབས་ཞབས་ཞུ་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭར“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚོགས་གཙོ་ང་ཕོད་འཇིགས་ཡོན་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ནོར་བུ་དོན་གྲུབ་ཀྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། བློ་བརྟན་འགྱུར་མེད་ངང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཡག་པོ། “འདུ་ཤེས་བཞི”བརྟན་པོ་བཙུགས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ཁྲོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གནས་བབ་ངོས་འཛིན་གཏིང་ཟབ་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་གིས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་བེད་ཡག་པོ་སྤྱད་དེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཧུར་ཐག་བཏང་ནས། གནད་སྨིན་དབུལ་སྒྲོལ་ལས་དོན་ཁྲོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་དྲང་ནུས་བརྒྱུད་སྤྲོད་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། དངུལ་རྩ་སོགས་སྡེ་ཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ལ་དམིགས་ནས་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པའི་དམངས་གཉེར་ཁེ་ལས་སྐྱེད་སྲིང་དང་རྒྱབ་སྐྱོར་བྱས་ནས་མང་ཚོགས་དབུལ་པོ་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བསྟན་ཁོས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ། ཏང་སེམས་དང་དམངས་སེམས་ཕྱོགས་ས་བཅས་ཡིན་ལ། དམངས་འཚོའི་འདུ་འགོད་དང་པོ་དེའང་རེད། སྡེ་ཚན་ཁག་གིས་ད་ཐེངས་ཀྱི་ཚོགས་འདུ་འདི་གོ་སྐབས་སུ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ལས་ཀ་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་དམངས་གཉེར་ཁེ་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རོགས་རམ་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་ཞེས་གསུངས།