དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་དང་དེ་བཞིན་དུས་ཆེན་གྱི་ཁྲོམ་རར་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-05-01

    “ལྔ་གཅིག”ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ་ཚེས་29ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་སར་དུས་ཆེན་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་དང་དེ་བཞིན་མཁོ་སྤྲོད་འགན་ལེན་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་དང་། ཡུལ་སྐོར་ཁོར་ཡུག་དང་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་གནས་ཚུལ་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་དབང་འདུས་དང་། ལི་ཧྲེ་ཀྲུང་། ལིའུ་ཝུའེ་བཅས་ཀྱིས་ལྷན་དུ་བརྟག་ཞིབ་གནང་བ་རེད།

    ཀྲོང་ཡན་དང་བཅས་པ་སྔ་རྗེས་སུ་གཙུག་ལག་ཁང་དང་གཙུག་ལག་ཁང་གི་ཐང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་སོགས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་གཟིགས་པ་རེད། བརྟག་ཞིབ་གནང་རིང་ཁོང་གིས་ཕེབས་ཀྱིན་དུ་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། ལས་འགན་སྒྲུབ་བཞིན་པའི་ལས་དོན་མི་སྣ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་ཁོང་ཚོའི་ལས་ཀའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    ཀྲོང་ཡན་གྱིས་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བློ་དཀར་སེམས་དཀར་གྱིས་ལས་གནས་བརྟན་སྲུང་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། ཀྲོང་ཡན་གྱིས་རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བདེ་འཇགས་འགན་ལེན་གྱི་ལས་སྒྲུབ་སྟོབས་ཤུགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་རྒྱུ་དེ་བོད་ཀྱི་ལས་འགན་དང་འགན་འཁྲི་ཨང་དང་པོ་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད། གཅིག་ནས་དོགས་ཟོན་ཆེ་རུ་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ནན་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཆུ་མ་ཤོར་གོང་ནས་རགས་བརྒྱབ་སྟེ་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་གཏན་འགོག་བྱས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་རྒྱུན་གཏན་ལྟར་ཡོང་བའི་འགན་ལེན་བྱེད་དགོས་པ། གསུམ་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཞབས་ཞུའི་ཁྲོད་དོ་དམ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཚད་ལྡན་ཁྲིམས་སྐྱོང་དང་། ཡ་རབས་ལས་སྒྲུབ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་ཞི་མཐུན་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས་པ་བཅས་རེད། ལྕགས་པོ་རིའི་ཞིང་ཞོར་ཁྲོམ་རར་ཀྲོང་ཡན་གྱིས་ཚོང་པ་དང་ཉོ་མཁན་གྱི་གྲོང་མི་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་། སྔོ་ཚལ་དང་། ཤིང་ཏོག ཤ་རིགས། སྒོ་ང་། དཀར་ཆུའི་རིགས་སོགས་འཚོ་བའི་མཁོ་ཆས་ཕྱིར་ཚོང་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། དུས་ཆེན་གྱི་ཁྲོམ་རའི་ཚོང་ཟོག་ཕུན་སུམ་ཚོགས་པ་དང་། ཟོག་ཁུངས་འདང་ངེས་ཡོད་པ། སྒྲིག་ལམ་ཡག་པ། ཕྱིར་ཚོང་དང་ཉོ་སྒྲུབ་གཉིས་ཀ་ཡག་པོ་བྱུང་བ་བཅས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཀྲོང་ཡན་གྱིས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སེམས་འཁུར་བྱེད་པའི་དམངས་འཚོའི་དོན་ཆེན་ཞིག་ཡིན་པས་མི་དམངས་བརྩིགས་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་དང་མང་ཚོགས་ལ་དེ་བས་དོ་འཁུར་བྱས་ཏེ་མི་དམངས་མང་ཚོགས་ལ་བཀྲ་ཤིས་ལ་སྤྲོ་སྣང་དོད་པའི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་ནུས་ལྡན་བྱེད་པ་དང་། ཁྲོམ་རར་བརྟག་ཞིབ་ཡག་པོ་བྱས་ནས་གསོག་ཉར་མཁོ་སྤྲོད་ཡག་པོ་བྱས་ཏེ་དགོས་མཁོ་སྐོང་དགོས་པ། ཐོན་སྐྱེད་རྒྱ་ཆེར་བཏང་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྲོམ་ར་དར་རྒྱས་ཀྱི་ཕན་པ་ལོངས་སྤྱོད་གང་ཐུབ་བྱེད་དགོས་པ། ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ལ་དམ་འཛིན་ཡག་པོ་བྱས་ནས་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་དང་ཚོང་པའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་གཏོང་བ། བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་འཛད་སྤྱོད་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་དང་བཅས་པ་ད་དུང་ཀྲུང་གོ་རྡོ་སྣུམ་སྣེའུ་སྣུམ་སྣོན་ས་ཚིགས་དང་། ལྷ་སའི་མེ་འཁོར་བབས་ཚུགས། གྲོང་ཁྱེར་ནུབ་འདབས་འགྲུལ་སྐྱེལ་བབས་ཚུགས་སོགས་སུ་ཕེབས་ནས་བདེ་འཇགས་འཁོར་རྒྱུག་དང་། ལམ་ཐིག་བཀོད་སྒྲིག འགྲུལ་སྐྱེལ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།