ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཡོད། ཚེས་17ཉིན་ནས་ཚེས་19ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གཞིས་རྩེའི་རྣམ་གླིང་རྫོང་ཤངས་ཆུ་ཆུ་བེད་ལྟེ་གནས་དང་ལེ་ལག་ཚང་བའི་ཆུ་འདྲེན་ལས་གྲྭ་དང་། ས་སྐྱ་རྫོང་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ བསམ་གྲུབ་རྩེ་ཆུས་འཕྲུལ་ཆས་རྨོ་འདེབས་ལས་སྒྲུབ་ས་ཚིགས། པ་སྣམ་རྫོང་སྐྱེ་ལྡན་སྔོ་ཚལ་དང་ཤིང་ཏོག་ཐོན་སྐྱེད་རྟེན་གཞི་བཅས་སུ་ཕེབས་ནས“ཞིང་གསུམ”ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།
2014ལོའི་ཟླ་6ཚེས་8ཉིན་ས་སྐྱ་རྫོང་གི་ཤའུ་ཕུ་ཆུའི་ངོགས་སུ་བློ་བཟང་རྒྱལ་མཚན་གྱིས་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། དུས་ཚོད་ལོ་4ཙམ་སོང་ཟིན་པ་དང་། བློ་བཟང་རྒྱལ་མཚན་སླར་ཡང་ས་ཆ་དེར་ཕེབས་སྐབས་ལ་ལྷོ་ཆུ་བེད་ལྟེ་གནས་ཀྱི་རགས་ཆེན་དངོས་སུ་སྐྲུན་འགོ་ཚུགས་པ་དང་། ཆུ་རགས་ཀྱི་ལས་གྲྭ་སྒྲུབ་ཚད་50%ཟིན་པ་དང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་སྒྲུབ་ཚད་80%ཟིན་ཡོད་པ་རེད། བློ་བཟང་རྒྱལ་མཚན་གྱིས་ས་གནས་ས་ཐོག་ཏུ་རགས་ཆེན་སྐྲུན་ཚུལ་ལ་གཟིགས་པ་དང་། ཀུང་སིའི་ལས་དོན་སྙན་ཞུ་གསན་ནས་ཀུང་སི་དེའི་རང་ལྗོངས་ཀྱི་ཆུ་གློག་ཁྱབ་ཁོངས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གནང་བ་རེད།
ཚེས་18ཉིན་གྱི་ཕྱི་དྲོ་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་སྦེ་ཚབ་གྲོང་ཚོའི་རྨོ་འདེབས་ལས་སྒྲུབ་ས་ཚིགས་སུ་རྨོ་འདེབས་འཕྲུལ་ཆས་20ལྷག་ཙམ་ཁོད་སྙོམས་ཤིང་ས་རྒྱུ་གཤིན་པའི་ཞིང་ཁའི་སྟེང་རྨོ་འདེབས་བྱེད་བཞིན་ཡོད་པ་རེད། བློ་བཟང་རྒྱལ་མཚན་མུ་ཁའི་ཐོག་གི་ཞིང་འཕྲུལ་མདུན་དུ་ཕེབས་ནས་ས་བོན་ལ་གཟིགས་པ་དང་འབྲེལ་དངོས་གྲུབ་སོགས་གྲོང་མིར་བྱམས་བརྩེའི་གླེང་མོལ་གནང་བ་རེད།
ཁོང་གིས་འབྲུ་རིགས་ཐོན་སྐྱེད་བྱེད་པ་ནི་དམངས་འཚོ་དང་། དཔལ་འབྱོར་འཕེལ་རྒྱས། ཞིང་འབྲོག་ཁུལ་གྱི་སྤྱི་ཡོངས་ཀྱི་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཧུར་ཐག་བྱེད་དགོས་པ་དང་། འབྲུ་རིགས་ཐོན་འཕར་ཡོང་བ་དང་སོན་བཟང་ཁྱབ་གདལ་གཏོང་རྒྱུའི་ཐད་ཤུགས་བརྒྱབ་ནས་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་། དོགས་ཟོན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ། ལག་རྩལ་གསོ་སྦྱོང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
“རྒྱལ་ཡོངས་ཀྱི་སྔོ་ཚལ་ཧྲོའུ་ཀོང་ལ་མིག་དཔེ་ལྟ་བ་དང་། བོད་ཀྱི་སྔོ་ཚལ་པ་སྣམ་ལ་མིག་དཔེ་བལྟ་དགོས”ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འོག པ་སྣམ་གྱི་སྔོ་ཚལ་ཐོན་ལས་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་རྩེ་རིམ་དུ་སླེབས་ཡོད། མིག་སྔར་པ་སྣམ་རྫོང་དེ་རང་ལྗོངས་ཀྱི་ས་མཐོའི་དྲོད་ཁང་ཆེ་མོའི་སྔོ་ཚལ་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། བློ་བཟང་རྒྱལ་མཚན་དང་ཐོག་བོད་ལྗོངས་པ་སྣམ་རྫོང་སྐྱེ་ལྡན་ཞིང་ལས་ཐོན་ལས་གླིང་དུ་ཕེབས་པ་དང་། ཧྲོའུ་ཀོང་གྲོང་ཁྱེར་སྔོ་ཚལ་ཞིབ་འཇུག་སུའོ་ཡི་མཛུབ་ཁྲིད་འོག དེང་རབས་ཅན་གྱི་རིག་ནུས་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་ཧ་ཅང་བཟང་པོ་ཡོད་པ་མཐོང་སྐབས། བློ་བཟང་རྒྱལ་མཚན་གྱིས་གླིང་དེའི་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། བསམ་བློར་སྔར་བས་བཅིངས་འགྲོལ་བཏང་ནས་ས་ཁོངས་ཀྱི་དབྱེ་མཚམས་ལས་གྲོལ་ཏེ་དེང་རབས་ནུས་ཆེའི་ཞིང་ལས་ལམ་བུར་བསྐྱོད་དགོས་པ་དང་། ཁྲོམ་རའི་གདམ་ཁའི་རང་བཞིན་གྱི་འདེབས་ཁྱོན་རྒྱ་ཆེར་གཏོང་བ་དང་ཟུང་འབྲེལ་བྱས་ནས་2020ལོར་སླེབས་སྐབས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ཟིན་པའི་བརྩོན་ལེན་བྱེད་དགོས། མུའུ་ཁྲི་ཡི་ཇོ་རིའི་སྐྱེ་ལྡན་སྔོ་ཚལ་གྱི་པ་སྣམ་ཐོན་སྐྱེད་རྟེན་གཞིར། བློ་བཟང་རྒྱལ་མཚན་གྱིས་རྟེན་གཞི་དེ་གའི་འགན་འཁུར་བ་པ་སངས་དོན་གྲུབ་ཀྱི་སྙན་སེང་ནན་ཏན་ངང་གསན་པ་དང་འབྲེལ། ཀུང་སིའི་སློབ་ཆེན་སློབ་མ་46ལྷག་ཙམ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཞིང་། ཁོང་ཚོར་ལང་ཚོའི་དུས་སྐབས་ལ་གཅེས་སྤྲས་ཀྱིས་འབད་འབུངས་ལྷོད་མེད་བྱས་ཏེ་པ་སྣམ་སྔོ་ཚལ་རྟེན་གཞིར་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
གཞིས་རྩེའི“ཞིང་གསུམ”ལས་དོན་སྔར་བས་ཡག་པོ་སྒྲུབ་པའི་ཐད། བློ་བཟང་རྒྱལ་མཚན་གྱིས་འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཞིག་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་འགོ་འཛུགས་ལོ། དབུལ་སྒྲོལ་འགག་སྒྲོལ་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་ཞིག་བཅས་རེད། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཞིང་གསུམ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པར་བརྩི་སྲུང་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་ཏན་ཏིག་བཏང་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་བསམ་ཕྱོགས་གསལ་པོ་བཟོས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཤིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་སྒྱུར་བཅོས་བྱེད་པའི“འགག་རྩ”དེར་དམ་པོར་འཛིན་ནས་སྒྱུར་བཅོས་གཏོང་བར་བསམ་ཕྱོགས་དང་སྒུལ་ཤུགས་ཡོད་པ་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། ཁྲོམ་རས་སྐུལ་འདེད། མང་ཚོགས་ཞུགས་པ་བཅས་ཀྱི་ལམ་སྲོལ་ཆཌ་པ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་གསར་གཏོད་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་ཞན་ཆ་གསབ་ནས་ཞིང་འབྲོག་ལས་དངོས་གནས་སྟོབས་ཆེར་འགྲོ་བ་དང་། ཞིང་འབྲོག་ཁུལ་མཛེས་སྡུག་ལྡན་པ། ཞིང་འབྲོག་པ་ཕྱུག་པོ་ཆགས་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།