དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་གཞིས་རྩེ་གྲོང་ཁྱེར་གྱི་རྣམ་གླིང་རྫོང་དུ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-20

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་སྐོར་གླེང་ཚེ་མི་མང་ཆེ་བས་ཐོག་མར་བསམ་བློ་འཁོར་བ་ནི་ས་ཁམས་མཚོན་རྟགས“ཨེ་མ་སྒང་གི་ཞོག་ཁོག”ཡིན། འོན་ཀྱང་རྣམ་གླིང་རྫོང་དེ་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་བའི་རྫོང་དང་། དབུལ་པོ་ཁྱབ་རྒྱ་ཆེ་བ། དབུལ་པོ་ཆགས་ཚད་མང་བ། དབུལ་སྒྲོལ་དཀའ་བ་བཅས་ཡིན། ཟླ་4ཚེས་15ནས་ཚེས་17ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཉིན་ཤས་རིང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་དང་། དབུལ་སྐྱོར་གཞུང་ལས་ཁང་། ཞིང་ལས་ཚན་རིག་ཁང་། ལྗོངས་ཏང་ཨུད་ཞིང་ལས་ལས་དོན་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་མཉམ་དུ་རྣམ་གླིང་རྫོང་ཨེ་མ་ཤང་དང་། ཐོབ་རྒྱལ་ཤང་། མཚར་ཤང་། མདོ་བརྗོད་ཤང་། སྟག་སྣ་ཤང་། རིན་འདུས་ཤང་། རྒྱ་མཚོ་ཤང་། རྣམ་གླིང་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་8ལ་ཕེབས་ནས་དབུལ་སྐྱོར་གནས་སྤོ་དང་། མི་ཐབས་རྩྭ་འདེབས། སྡོང་ཕྲུག་རྟེན་གཞི། མི་རིགས་ལག་ཤེས་བཟོ་ལས་སོགས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱེད་ཚུལ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་དང་། ཆེད་ལས་མཉམ་ལས་རྩ་འཛུགས། ངལ་ནུས་ཕྱིར་གཏོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་མང་ཚོགས་དབུལ་པོ་དང་གྲོང་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་ཞུས་གནང་བ་རེད།

    བརྟག་ཞིབ་ས་ཚིགས་རེར་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་དུད་ཚང་དབུལ་པོའི་དབུལ་པོ་ཆགས་རྐྱེན་དང་བརྟག་ཞིབ་ས་ཚིགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྟག་སྣ་ཤང་མཁོ་ལམ་གྲོང་ཚོའི་དམངས་ཕན་བཞོན་མ་གསོ་ཚགས་ར་བར་བརྟག་ཞིབ་གནང་སྐབས་ལོ་28ལ་སླེབས་པའི་གསོ་ཚགས་ར་བའི་འགན་འཁུར་བ་སྐལ་བཟང་སྒྲོལ་མས་ལོ་གསུམ་གོང་དུ་ངས་པ་སྣམ་རྫོང་གི་བཞོན་མ་གསོ་ཚགས་ཁང་དུ་ཡོད་པའི་གཉེན་ཉེའི་ས་ནས་དེའི་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱས་པས་ད་ཆ་ཉིན་ལྟར་འོ་མ་ཁོ་ནའི་ཡོང་འབབ་སྒོར་1500རག་གི་འདུག་ལ་གྲོང་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད་ཅེས་དགའ་སྤྲོའི་ངང་བཤད། བློ་བཟང་རྒྱལ་མཚན་གྱིས་གསན་རྗེས་ཐུགས་བློ་བདེ་པོ་བྱུང་ནས་ན་གཞོན་ཆེད་ལས་ཞིང་པ་དེའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་། གྲོང་མི་དེ་བས་མང་བས་སྐལ་བཟང་སྒྲོལ་མར་སློབ་སྦྱོང་བྱས་ཏེ་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་བཏང་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འཚམས་འདྲི་མཇུག་འགྲིལ་རྗེས། བློ་བཟང་རྒྱལ་མཚན་གྱིས་གཞི་རིམ་གྱི་ལས་བྱེད་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན། རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསྐོངས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཐབས་ཇུས་དམངས་ལ་འདྲི་བ་དང་སྲིད་དོན་དམངས་ལ་དྲིས་ནས་ཁོང་ཚོའི་སྙིང་གཏམ་དང་རེ་བར་གསན་པ་མ་ཟད། ཁོང་ཚོ་དང་མཉམ་དུ་དབུལ་སྒྲོལ་གྱི་ཐབས་ལམ་འཚོལ་ཞིབ་གནང་བ་རེད།

    ཚེས་17ཉིན་གྱི་ཕྱི་དྲོ། བློ་བཟང་རྒྱལ་མཚན་གྱིས་རྣམ་གླིང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་སྙན་ཞུ་གསན་རྗེས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་ནི་ལྗོངས་ཏང་ཨུད་དང་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཁས་ལེན་བྱས་པའི་དམག་བཀའ་ཁུར་ལེན་ཞུ་ཡིག་ཅིག་ཡིན་ལ། ང་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཁས་ལེན་བྱས་པ་ཞིག་ཀྱང་རེད། ལས་ཀའི་ཕན་འབྲས་ནས་བརྗོད་ན། ལོ་འདི་དག་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ་བྱས་ཤིང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད། རྣམ་གླིང་རྫོང་ནི་རང་ལྗོངས་ཀྱི་ཤིན་དུ་དབུལ་བའི་རྫོང་ཞིག་ཡིན་པ་དང་དབུལ་པོ་ཐོན་ཚད་19.36%ཟིན་གྱི་ཡོད་པ་དེ་ལྗོངས་ཡོངས་དང་བསྡུར་ན་བརྒྱ་ཆའི་གྲངས་7མཐོ་བ་ཡོད་པས། དབུལ་པོའི་ནང་གི་དབུལ་པོ་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཤིག་ཡིན་པ་མ་ཟད། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་ཞིབ་བསྡུར་དཔྱད་དཔོག་གི་བླང་བྱ་ལྟར། གང་མི་འདང་བ་དེ་གསབ་པ་དང་གང་ཉམས་ཞན་ཡིན་ཚེ་དེར་གཙོ་གནད་ཐོག་དམ་འཛིན་བྱེད་པའི་རྩ་དོན་ལྟར་དབུལ་པོ་ཉུང་གཏོང་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས། གཉིས་ནས་ཐོན་ལས་དབུལ་སྐྱོར་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མང་ཚོགས་དབུལ་པོའི་རང་བརྟེན་ནུས་པ་ཆེ་རུ་བཏང་སྟེ་རྫོང་དང་ཤང་གྲོང་ཚོ་བཅས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་མང་ཚོགས་ཀྱིས་འཇོན་པའི་མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “ཨེ་མ་སྒང་གི་ཞོག་ཁོག”གི་སྤུས་རྟགས་སྔར་བས་སྐད་གྲགས་ཆེ་རུ་བཏང་སྟེ“མྱུར་འགྲུབ་རྣམ་གྲངས”བརྒྱུད་མང་ཚོགས་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་ལས་བྱེད་མང་ཚོགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱེད་ཚད་ཆེ་རུ་གཏོང་དགོས། བཞི་ནས་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ལྷན་སྦྱར་སྒྲིག་བཀོད་འཐུས་ཚང་དུ་གཏོང་དགོས། དྲུག་ནས་བྱེད་པོའི་འགན་འཁྲི་སྔར་བས་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་འཕེལ་བ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྔ་ཙམ་དབུལ་ཞྭ་འབུད་ཐུབ་པ་དང་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།