དབུ་ཤོག>སྲིད་དོན།
  • 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་རྔམ་སྟོན་ཁྲོམ་སྐོར་གྱི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-12

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་རྔམ་སྟོན་ཁྲོམ་སྐོར་གྱི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔ་ལ་གཤམ་གསལ་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་པ་སྟེ།

    གཅིག 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་རྔམ་སྟོན་ཁྲོམ་སྐོར་གྱི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》ནང་གི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དང་པོ་དེ“འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་བྱ་སྤྱོད་རྒྱལ་ཁབ་ལས་ཁུངས་དང་། དམག་དོན་ལས་ཁུངས། གསར་འགྱུར་ཚན་པ། ལྷ་སར་བཅའ་སྡོད་ཕྱི་རྒྱལ་གྱི་ཁེ་སྐྱོང་ལས་ཤག་ལས་ཁུངས་སོགས་ཚན་པ་གནས་ཡུལ་དུ་སྤེལ་བའམ་ཡང་ན་དེ་ནས་བརྒྱུད་པའི་རིགས། གཙོ་གཉེར་ལས་ཁུངས་ཀྱིས་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་ཉེ་འཁོར་དུ་གནས་སྐབས་ཀྱི་ཉེན་ཟོན་ས་ཐིག་འགོད་ཆོག མི་སུ་འདྲ་ཞིག་ཡིན་རུང་མི་དམངས་ཉེན་རྟོག་པའི་ཆོག་མཆན་མ་ཐོབ་པར་ས་ཐིག་ནས་བརྒལ་མི་ཆོག”ཅེས་པར་བཟོ་བཅོས་རྒྱག་རྒྱུ།

    གཉིས། 《“མི་སྟོང་འཇལ་བའི”ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ནང་གི་ཆ་ཤས་བཞི་པའི་རང་བྱུང་དུམ་མཚམས་དང་པོ་དེ“བཞི། འདྲི་གཅོད་དང་། ཞིབ་དཔྱོད། སྤྱི་བདེ་ལས་ཁུངས་བཅས་ཀྱིས་ཉེས་དོན་གྱོད་གཞི་བདག་སྤྲོད་བྱེད་སྐབས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་གོ་དགུ་པའི་ནང་གསེས་དང་པོའི‘གནོད་འཚེ་ཕོག་མཁན་ལ་ཞུ་སྦྱོར་ཕྱི་མའི་ཉེས་གསོག་བྱེད་སྤྱོད་ལས་དངོས་པོའི་གྱོང་གུན་ཕོག་པའི་རིགས་ལ་ཉེས་དོན་གཏུག་བཤེར་བྱ་རིམ་ནང་ཞོར་འབྲེལ་དམངས་དོན་ཞུ་གཏུག་བྱེད་དབང་ཡོད’ཅེས་པའི་གཏན་འབེབས་གཞིར་བཟུང་། གནོད་འཚེ་ཕོག་མཁན་ལ་ཉེས་དོན་ཞོར་འབྲེལ་དམངས་དོན་ཞུ་གཏུག་བྱེད་དབང་ཡོད་ཅེས་གསལ་བསྒྲགས་བྱེད་དགོས། གནོད་འཚེ་ཕོག་མཁན་ཕྱོགས་ཀྱིས་དམངས་དོན་སྐྱིན་གསབ་དབང་ཆ་དོར་ནས‘མི་སྟོང’དགོས་ཟེར་བའི་བྱེད་སྤྱོད་ནི་ཁྲིམས་འགལ་ཡིན། གལ་ཏེ་གནས་ཚུལ་དེ་རིགས་ཐོན་ཚེ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    གསུམ། 《རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྒྲིག་ཡིག་གིས་དངུལ་ཆད་ཀྱི་ཚད་གཞི་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ནང་གི་དོན་ཚན་ལྔ་པ་དེ“ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲིག་ཡིག་བཟོས་ནས་དངུལ་ཆད་ཀྱི་ཚད་གཞི་གཏན་འཁེལ་བྱེད་སྐབས་གཏན་འབེབས་འདི་སྤྱད་ན་འཐུས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བཞི། 《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》ནང་གི་དོན་ཚན་གཉིས་པ་དེ“རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་བཞིན་རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདེམས་བསྐོ་བྱས་པའམ་བསྐོ་གཞག་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་པ་དང་། དེ་བཞིན་རིམ་ཁག་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་དོན་པས་ལས་གནས་ཀྱི་འགན་ལེན་སྐབས་ཡོངས་བསྒྲགས་ཐོག་རྩ་ཁྲིམས་དམ་འཇོག་བྱེད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    ལྔ། 《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》ནང་གི་དོན་ཚན་གསུམ་པ་དེ“དམ་བཅའི་ཚིག་གཤམ་གསལ་ཏེ། ངས་དམ་བཅའ་འཇོག་རྒྱུ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ལྷག་བསམ་རྣམ་དག་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར། མེས་རྒྱལ་ལ་ལྷག་བསམ་རྣམ་དག མི་དམངས་ལ་ལྷག་བསམ་རྣམ་དག རང་འགན་ནན་སྒྲུབ་དང་སྤྱོད་གཙང་སྤྱི་གཞོལ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    དྲུག 《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》ནང་གི་དོན་ཚན་བཞི་པའི་ནང་གསེས་དང་པོ་དེ“རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། དྲུང་ཆེ། ཨུ་ཡོན་བཅས་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་སོགས་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བདམས་ཐོན་བྱུང་རྗེས་རྩ་ཁྲིམས་དམ་འཇོག་བྱ་རྒྱུ་དང་། དམ་འཇོག་མཛད་སྒོ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཀྲུའུ་ཞི་ཚོགས་པས་སྒྲིག་འཛུགས་བྱ་རྒྱུ། བདམས་ཐོན་བྱུང་བའི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་གོང་རིམ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་དམ་འཇོག་བྱ་རྒྱུ། དམ་འཇོག་མཛད་སྒོ་རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་སྒྲིག་འཛུགས་བྱ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ། ནང་གསེས་གཉིས་པ་དེ“ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་འཐུས་མི་ཚོགས་ཆེན་ཐོག་བདམས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། དྲུང་ཆེ། ཨུ་ཡོན་བཅས་དང་། ཧྲི་ཀྲང་དང་། ཧྲི་ཀྲང་གཞོན་པ། རྫོང་དཔོན་དང་རྫོང་དཔོན་གཞོན་པ། ཆུས་ཀྲང་དང་ཆུས་ཀྲང་གཞོན་པ། རིམ་པ་འདི་གའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རིམ་པ་འདི་གའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། དེ་བཞིན་རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་སོགས་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བདམས་ཐོན་བྱུང་རྗེས་རྩ་ཁྲིམས་དམ་འཇོག་བྱ་རྒྱུ། དམ་འཇོག་མཛད་སྒོ་ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་ཀྲུའུ་ཞི་ཚོགས་པས་སྒྲིག་འཛུགས་བྱ་རྒྱུ། བདམས་ཐོན་བྱུང་བའི་ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གིས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་དམ་འཇོག་བྱ་རྒྱུ། དམ་འཇོག་མཛད་སྒོ་རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་སྒྲིག་འཛུགས་བྱ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བདུན། 《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》ནང་གི་དོན་ཚན་དྲུག་པའི་ནང་གསེས་དང་པོ་དེ“རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའམ་ཡང་ན་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ། སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་གྱི་ཐིང་ཀྲང་དང་། ཅུས་ཀྲང་། ཨུ་ཡོན་ལྷན་ཁང(གཞུང་ལས་ཁང)གི་ཀྲུའུ་རེན། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་བཅས་ཀྱིས་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བདམས་ཐོན་བྱུང་རྗེས་རྩ་ཁྲིམས་དམ་འཇོག་བྱ་རྒྱུ། དམ་འཇོག་མཛད་སྒོ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་སྒྲིག་འཛུགས་བྱ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བརྒྱད། 《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》ནང་གི་དོན་ཚན་བདུན་པའི་ནང་གསེས་དང་པོ་དེ“རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། དིང་ཀྲང་། དིང་ཀྲང་གཞོན་པ། འདྲི་གཅོད་པ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིབ་དཔྱོད་པ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ས་ཁུལ་ཞིབ་དཔྱོད་ཡན་ལག་ཁང་གི་ཅན་ཁྲ་ཀྲང་དང། ཅན་ཁྲ་ཀྲང་གཞོན་པ། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱིས་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བདམས་ཐོན་བྱུང་རྗེས་རྩ་ཁྲིམས་དམ་འཇོག་བྱ་རྒྱུ། དམ་འཇོག་མཛད་སྒོ་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཁག་སོ་སོས་སྒྲིག་འཛུགས་བྱ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ། ནང་གསེས་གཉིས་པ་དེ“ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱས་པའི་རིམ་པ་འདི་གའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་དང་། རིམ་པ་འདི་གའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དིང་ཀྲང་། དིང་ཀྲང་གཞོན་པ། འདྲི་གཅོད་པ། རིམ་པ་འདི་གའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱིས་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བདམས་ཐོན་བྱུང་རྗེས་རྩ་ཁྲིམས་དམ་འཇོག་བྱ་རྒྱུ། དམ་འཇོག་མཛད་སྒོ་རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུས་སྒྲིག་འཛུགས་བྱ་རྒྱུའམ་ཡང་ན། རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ལ་སྒྲིག་འཛུགས་མངགས་བཅོལ་བྱ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    དགུ 《བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱ་ཐབས》ཀྱི་དོན་ཚན་དགུ་པའི་ནང་གསེས་དང་པོ་དེ“དམ་འཇོག་མཛད་སྒོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱེད་དགོས་པ་དང་། དམ་འཇོག་མཛད་སྒོ་འཚོག་ཡུལ་རྔམ་བརྗིད་དང་སྒམ་བརླིང་ལྡན་པ་ཞིག་དགོས། དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་རམ་ཡང་ན་རྒྱལ་རྟགས་འགེལ་དགོས། དམ་འཇོག་མི་སྣས་གཟབ་མཆོར་དང་། མི་རིགས་ཀྱི་གྱོན་ཆས། ལས་གོས་བཅས་གྱོན་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅུ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་བདུན་པའི་རྣམ་གྲངས་དང་པོ་དང་། གཉིས་པ། གསུམ་པ་བཅས“(དང་པོ)རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་བ་དང་། (གཉིས་པ)རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་མིན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་གཞིའི་འགན་འཁུར་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གཞོན་པ། (གསུམ་པ)རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཐོག་དགོས་ངེས་ཡོད་པའི་ངོས་འཛིན་བྱས་ཏེ་གདན་དྲངས་པའི་འབྲེལ་ཡོད་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྫོང(ཆུས)མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་སྡེ་ཚན་གྱི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་མི་སྣ་གཞན་དག”ཅེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅུ་གཅིག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་བཅུ་པའི་ནང་གསེས་གསུམ་པ་དེ“རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་ཁྲིམས་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་མི་དོན་བསྐོ་འཐེན་དང་གནས་དབྱུང་ཇུས་གཞི་འདོན་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅུ་གཉིས། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་བཅོ་བརྒྱད་པར་ནང་གསེས་གཅིག་བསྣན་ནས་ནང་གསེས་བཞི་པར་བརྩི་རྒྱུ་དང་ཞིབ་ཕྲའི་ནང་དོན་ནི“བསྐོ་གཞག་བྱས་པའི་མི་སྣས་ལས་འགན་འཁུར་སྐབས་ཁྲིམས་བཞིན་ཡོངས་བསྒྲགས་ངང་རྩ་ཁྲིམས་དམ་འཇོག་བྱེད་དགོས”ཞེས་པ་དེ་རེད།

    བཅུ་གསུམ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་བཅུ་དགུ་པ་དེ“རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་པ་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་འགའ་ཞིག་བདམས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཆེད་དོན་ལས་དོན་སྙན་སྒྲོན་ཉན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ་འཆར་གཞི་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱ་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་ལས་དོན་སྙན་ཞུ་འབུལ་ཆོག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཆེད་དོན་ལས་དོན་སྙན་སྒྲོན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་མ་འཚོག་གོང་གི་ཉིན་སུམ་ཅུ་ཡི་གོང་དུ་འདོན་དགོས། ཆེད་དོན་ལས་དོན་སྙན་སྒྲོན་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་འཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་རྒྱུའི་མངགས་བཅོལ་བྱེད་ཆོག”ཅེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅུ་བཞི། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་ཉེར་གཉིས་པ་དེ“རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣས་ཆེད་དོན་ལས་དོན་སྙན་སྒྲོན་དང་། ཁྲིམས་འཛིན་ཞིབ་བཤེར་སྙན་སྒྲོན། ལས་དོན་སྙན་སྒྲོན་གཞན་དག་བཅས་ལ་བཏོན་པའི་གྲོས་ཞིབ་བསམ་འཆར་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་སྒྲིག་གཞིས་ལེགས་སྒྲིག་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་ཞིབ་འཇུག་ཐག་གཅོད་བྱེད་པར་འབུལ་རྒྱུ། ཞིབ་འཇུག་ཐག་གཅོད་བྱས་པའི་གནས་ཚུལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅོ་ལྔ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་ཉེར་བཞི་པ་དེ“རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་ལྔ་ཡན་གྱིས་མིང་མཉམ་བཀོད་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ལ་འདྲི་རྩད་ཇུས་གཞི་འདོན་ཆོག འདྲི་རྩད་ཇུས་གཞིའི་ནང་འདྲི་རྩད་བྱ་ཡུལ་དང་འདྲི་རྩད་ཀྱི་གནད་དོན་དང་ནང་དོན་བཅས་གསལ་པོ་འགོད་དགོས”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅུ་དྲུག 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་སོ་བརྒྱད་པ་དེ“རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་བཅས་ཀྱི་ལས་གནས་དགོངས་ཞུའི་རེ་ཞུ་དང་ལེན་བྱེད་སྐབས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུ་བར་འབུལ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    བཅུ་བདུན། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་གྲོས་བསྡུར་སྒྲིག་སྲོལ》གྱི་དོན་ཚན་བཞི་བཅུ་པའི་ནང་གསེས་དང་པོ་དེ“རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པའི་ཆེད་དོན་ལས་དོན་སྙན་སྒྲོན་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན། སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན། རྩིས་བཤེར་ལས་དོན་སྙན་སྒྲོན། ཁྲིམས་འཛིན་ཞིབ་བཤེར་སྙན་སྒྲོན་དང་དེ་བཞིན་གྲོས་ཞིབ་བསམ་འཆར་བཅས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་ཐག་གཅོད་བྱས་ཚུལ་ལམ་ཡང་ན་གྲོས་ཆོད་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་རིམ་པ་འདི་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བརྡ་ཁྱབ་གཏོང་རྒྱུ་དང་འབྲེལ་སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱ་རྒྱུ”ཞེས་པར་བཟོ་བཅོས་རྒྱག་རྒྱུ།

    གཏན་འབེབས་འདི་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་རྔམ་སྟོན་ཁྲོམ་སྐོར་གྱི་བཅའ་ཁྲིམས〉སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔ་ལ་གཏན་འབེབས་འདི་གཞིར་བཟུང་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་རྗེས་བསྐྱར་དུ་ཡོངས་བསྒྲགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།