བོད་ཀྱི་མི་དམངས་འཐུས་ཚོགས་སློབ་ཁང་ནི་མི་དམངས་འཐུས་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། སྲིད་ཇུས་གསལ་འགྲེལ། རིགས་གཅིག་མཁས་པའི་འཆད་ཁྲིད་བཅས་བྱེད་པའི་བསམ་བློ་དང་གླེང་ཕྱོགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན། ཚེས་30ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་བོད་ཀྱི་མི་དམངས་འཐུས་ཚོགས་སློབ་ཁང་གི་སློབ་དུས་དང་པོའི་སློབ་ཚན་འགོ་ཚུགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཁྲིམས་རིག་པ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་དགེ་རྒན་ཆེ་མོ་བ་མོའོ་ཅིས་ཧུང་གིས་གདན་ཞུས་ལྟར《རྩ་ཁྲིམས་བཟོ་བཅོས་འཆར་ཟིན》གྱི་ཆེད་དོན་ཟུར་ཁྲིད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཕེབས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་འཆད་ཁྲིད་གཙོ་སྐྱོང་གནང་བ་རེད།
དགེ་རྒན་ཆེ་མོ་བ་མོའོ་ཅིས་ཧོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་ཟུང་འབྲེལ་དང་། གཙོ་རྐང་ཡིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དམ་པོར་དམིགས་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་ཁྱད་ཆོས་དང་ནང་དོན་དང་། རྩ་ཁྲིམས་བཟོ་བཅོས་ཀྱི་ཁྱད་ཆོས། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་དོན་སྙིང་བཅས་ལ་གསལ་འགྲེལ་གཏིང་ཟབ་གནང་བ་རེད།
རྡོ་ཐོགས་ཀྱིས་རྩ་ཁྲིམས་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་ང་ཚོའི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་རྩ་ཁྲིམས་ཀྱི་འདུ་ཤེས་འཛུགས་པ་དང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རྩ་ཁྲིམས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།