དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-04-02

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པས་གྲོས་རིམ་ཁག་ལེགས་གྲུབ་ཟིན་ནས་ཚེས་30ཉིན་གྱི་ཕྱི་དྲོ་གྲོལ་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར་སོགས་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་དོ་དམ་སྲོལ་ཡིག》མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་དང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལྔ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས། 《ལྷ་ས་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་བཟོ་རྒྱུར》ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས། 《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་རིམ་སྒྲིག་སྲོལ》ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས། ནག་ཆུ་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་ཤིང་། བསྐོ་འཐེན་བྱ་བར་གྲོས་འཆམ་བྱས་པ་དང་བསྐོ་གཞག་ཡི་གེ་སྤྲད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྲོག་ཤིང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་བྱ་སྤྱོད་དངོས་དེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་རྩ་བའི་བླང་བྱར་བརྩི་དགོས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་རང་རྟོགས་ངང་ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་ནས་སྲོག་ཤིང་ལ་རྦད་དེ་ལྷག་བསམ་རྣམ་དག་དང་། ཡིད་ཆེས། སྲུང་སྐྱོང་བཅས་བྱེད་པ་རྩ་བའི་ཆབ་སྲིད་ཀྱི་བླང་བྱ་དང་ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་གི་རྗེས་སུ་འབྲང་བ། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ཏེ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད་པ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལྷུ་ཚིགས་ཁག་དང་ཕྱོགས་ཁག་ཏུ་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་གསར་པར་བརྟེན་ནས་འགོ་ཚུགས་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། འོས་འགན་གསལ་རྟོགས་ཀྱིས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་འགན་འཁྲི་གཙང་སྒྲུབ་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ། འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་ལས་དོན་ལ་དམ་འཛིན་བྱས་ཏེ་བསམ་པའི་ཉམས་འགྱུར་བཟང་པོ་དང་དེ་བས་ནུས་ལྡན་དང་དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་སྤྱི་འདོམས་མཐུན་སྦྱོར་དང་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཆོད་ལ་སྣང་ཆེན་དང་སྤུས་ཚད་དོན་གཉེར་གྱིས་གཏན་ལ་འཁེལ་བའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པ། སྒྲིག་ཁྲིམས་ནན་དུ་བཏང་ནས་ཕན་འབྲས་དངོས་ཐོན་རྒྱུར་དམ་འཛིན་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་བསྲུང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་བྱེད་སྒོ་ཁག་ལ་དུས་ཐོག་ཏུ་ཞུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཏང་ནན་པོས་བསྐྱངས་ནས་འགན་ལེན་ལ་དམ་འཛིན་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་ལས་འགན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་བཅོས་དང་སྒྱུར་བ། བརྟག་དཔྱད་ཞིབ་འཇུག་གི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཁག་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་བསྐྲུན་ཏེ་ཐོག་མཐའ་བར་གསུམ་དུ“ཉམས་ཟད་ཐེག་པ་བཞི”ཐུབ་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ལས་དོན་ཧུར་ཐག་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་30ཉིན་གྱི་སྔ་དྲོ་བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར་རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ་དང་མཇུག་འགྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་འབྲེལ་ཡོད་ལས་དོན་ཁག་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུ་གྲོལ་རྗེས་བསྟན་འཛིན་རྣམ་རྒྱལ་གྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲུའུ་ཡཱ་ཕིན་གྱིས་དམ་བཅའ་འཇོག་པའི་སྣེ་ཁྲིད་པ་དང་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ཧྲུའུ་མིན་གྱིས་མཉམ་དུ་དམ་བཅའ་བཞག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།