དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་ཐེངས་4པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-28

    ཚེས་26ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་4པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2018ལོའི་ལས་ཀའི་གཙོ་གནད་དང་། དེ་བཞིན་ལྟ་སྐུལ་ལས་དོན་གྱི་འཆར་གཞི་དང་། འཐུས་མིའི་ལས་དོན་འཆར་གཞི། སློབ་སྦྱོང་དང་གསོ་སྦྱོང་གི་འཆར་གཞི་བཅས་ལ་ཞིབ་འཇུག་བྱས་པ་རེད། 

    ཚོགས་འདུའི་ཐོག་ད་ལྟ་ལག་ལེན་བསྟར་བཞིན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཙང་སྒྲིག་ནུས་ལྡན་བྱེད་པའི་ལས་དོན་སྐོར་གྱི་སྙན་ཞུ་གསན་པ་དང་། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་སྲོལ་ཡིག་དང་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་དོ་དམ་སྲོལ་ཡིག་གི་གཏན་འབེབས(འཆར་ཟིན)མེད་པ་བཟོ་རྒྱུའི་སྐོར་གྱི་གྲོས་གཞི་དང་རང་སྐྱོང་ལྗོངས་ཀྱི་འདུ་འཛོམས་རྔམ་སྟོན་ཁྲོམ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་5ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)གྲོས་གཞིར་ཞིབ་འཇུག་བྱས་པ། ལྷ་ས་གྲོང་ཁྱེར་དུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྲོལ་ཡིག་བཟོ་བ་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་གྲོས་རིམ་ལམ་སྲོལ་གྱི་ཞིབ་བཤེར་སྙན་ཞུ་གསན་པ། ནག་ཆུ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)གྲོས་གཞི་དང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)གྲོས་གཞིར་ཞིབ་འཇུག་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱས་ཏེ་འབུལ་རྒྱུར་མོས་མཐུན་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་རིང་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་གྱིས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཆུ་ཚད་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།