དབུ་ཤོག>སྲིད་དོན།
  • བསྟན་ཁོས་ནག་ཆུ་རྫོང་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-26

    ཟླ་3ཚེས་24ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཤར་རོང་ཕུ་དགོན་དང་། གྲོང་ཤར་ཞིབ་བཤེར་ས་ཚིགས། བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས་ནག་ཆུ་ས་ཁུལ་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པའི་ཐད་ལྟ་སྐུལ་ཞིབ་བཤེར་གནང་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ཏང་ཡོན་ལས་བྱེད་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།

    བསྟན་ཁོས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། “དང་ལེན་བཞི”ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ལས་གནས་བརྟན་སྲུང་དང་། འགན་འཁྲི་འཁུར་ཕོད་པ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ཁྲིམས་ལྟར་དོ་དམ་ཐད་འབད་བརྩོན་དང་། སློབ་གསོ་གཏོང་བའི་ཐད་སེམས་རྣལ་ལ་ཕབ་པ། དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་འགུལ་ཐོག་ནས་ལས་དོན་གྱི་འགན་འཁྲི་ཁག་གཟབ་ནན་གྱིས་སྒྲུབ་དགོས། སློབ་གསོ་ཁྲིད་སྟོན་ལས་དོན་ཏན་ཏིག་བསྒྲུབས་ནས་དགོན་སྡེའི་གྲྭ་བཙུན་ཚོར་སྲིད་ཇུས་དང་བཅའ་ཁྲིམས་གསལ་པོ་བརྗོད་པ་དང་། མཐའ་ཚད་དང་དམར་ཐིག་གསལ་པོ་དབྱེ་ནས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ཏེ་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་དང་རང་རེའི་ཏང་བློ་ཁ་གཅིག་མཐུན་ཡོང་བ་བྱེད་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དྲང་ནུས་གཅིག་སྒྲིལ་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ནས་ཆབ་སྲིད་ཐད་ནུས་པ་ལྡན་པ་དང་། ལས་སྒོའི་ཐད་འཇོན་ཐང་ཆེ་བ། ནུས་པ་ཆེན་པོ་ལྡན་པ། ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།