དབུ་ཤོག>སྲིད་དོན།
  • ཕྱི་ནང་དུ་གསར་སྤེལ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-23

    ཚེས་21ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ《བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ནང་དུ་གསར་སྤེལ་དང་སྒོ་མོ་འབྱེད་རྒྱུའི་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད》ཀྱི་མ་ཟིན་གཉིས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་རེད། ཁོང་གིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ཏེ་ཕྱི་ནང་དུ་གསར་སྤེལ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ནང་སའི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གཞི་ཁྱོན་ལྡན་པ་དང་ཕན་འབྲས་ཐོན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ《འཆར་འགོད》བཟོ་བ་དང་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་འགན་འཁྲི་དང་ཟུང་འབྲེལ་དང་བྱེད་ཐབས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས《འཆར་འགོད》ནང་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་དགོས་པ་སྟེ། གཅིག་ནས་རྩེ་རིམ་ཇུས་འགོད་ལ་མཐོང་ཆེན་བྱེད་པ་དང་གསར་སྤེལ་དང་སྒོ་འབྱེད་ཀྱི་བཀོད་ཇུས་ལེགས་སྒྲིག་བྱས་ནས་གསར་སྤེལ་ཁུལ་གྱི་གསར་སྤེལ་དང་སྒོ་འབྱེད་ཀྱི་སྣེ་འདྲེན་དམག་གི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། གཉིས་ནས་གསར་གཏོད་ལ་དམ་འཛིན་བྱས་ཏེ་གསར་སྤེལ་ཁུལ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མ་དངུལ་ནང་འདྲེན་དང་། ལག་རྩལ་ནང་འདྲེན། རིག་སྟོབས་ནང་འདྲེན་བཅས་ཟུང་འབྲེལ་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་དང་དོ་དམ་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་འགག་རྩར་དམ་འཛིན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་འགག་སྒོ་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་འགག་སྒོའི་དཔལ་འབྱོར་དང་ས་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་དེ་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་ལྷུག་པོ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འདོན་སྤེལ་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    ཀྲོང་ཡན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ཡག་པོ་བཟོས་ཏེ་འཆར་འགོད་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་ཐོན་ལས་སྐྱེད་སྲིང་མགྱོགས་པོ་བྱེད་དགོས་པ་དང་ཐོན་ལས་ཆེན་པོ་བདུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀ་རྟེན་ལྟ་བུའི་ཐོན་ལས་དང་ལེགས་ཆའི་ཐོན་ལས་སྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་དེང་རབས་ཁེ་ལས་ལམ་ལུགས་ལ་གཞིགས་ཏེ་རང་ལྗོངས་ཀྱིས་གཙོ་གནད་ཐོན་ལས་ཚོགས་པ་མགྱོགས་མྱུར་བཙུགས་ཏེ་སྣེ་འདྲེན་ཁེ་ལས་གཏོད་པ་དང་ཐོན་ལས་ཚོགས་པ་སྐྱེད་སྲིང་བྱས་ནས་དམངས་ཁྲོད་མ་འཇོག་གསོན་ཤུགས་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ལས་སྟེགས་བསྐྲུན་ཏེ་གསར་སྤེལ་ཁུལ་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་གྲུབ་ཆ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྱད་ཆོས་ལྡན་ལ་ནུས་པ་ཕན་གསབ་ཀྱི་ཐོན་ལས་བར་མཐོངས་ཀྱི་རྣམ་པ་ཆགས་པ་བྱེད་དགོས་པ། བཞི་ནས་ལེ་ལག་ཚང་བའི་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་ལྟ་སྐུལ་དང་། ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་པ། ཐོན་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།