དབུ་ཤོག>སྲིད་དོན།
  • ​ ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་གྱི་དག་ཐེར་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-14

    ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་གྱི་དག་ཐེར་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་རང་ལྗོངས་ཀྱི་གནས་ཚུལ་ལྟ་ཞིབ་བྱས་པའི་བརྡ་ལན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་དག་ཐེར་གཞུང་ལས་ཁང་དང་གྲོང་ཁྱེར་དང་ས་ཁུལ་ཁག་གི་ལས་ཀའི་སྙན་ཞུ་ཉན་པ། ཉེ་དུས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཀྲོང་ཡན་གྱིས་ཁོར་ཡུག་སྲུང་སྐྱོང་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་བའི་ལས་དོན་གལ་ཆེན་ཞིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཆེར་གཏོང་དང་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་ཐབས་གལ་ཆེན་ཞིག་བཅས་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་དེའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། ཁོང་རྣམས་གཉིས་སྐུ་ངོ་མས་སྣེ་ཁྲིད་དེ་དག་ཐེར་དང་རང་ལྗོངས་ཀྱི་དག་ཐེར་ཇུས་གཞི་ཞིབ་བཤེར་གཏན་འབེབས་གནང་བ། འཐབ་ས་དང་པོར་ཕེབས་ཏེ་དག་ཐེར་ལ་ལྟ་སྐུལ་གནང་ནས་ང་ཚོས་དག་ཐེར་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ལ་བླང་བྱ་ཡང་ཁ་གསལ་བཏོན་གནང་ཡོད། འབྲེལ་ཡོད་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”བརྟན་པོར་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་འདུ་ཤེས་མཐའ་འཁྱོངས་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བ། དེ་བཞིན་ངེས་གནས་མཐོ་རུ་བཏང་ནས་དག་ཐེར་ལ་དམ་འཛིན་དང་། གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དག་ཐེར་ལ་དམ་འཛིན། ནན་ལ་ཏན་ཏིག་གི་སྒོ་ནས་དག་ཐེར་ལ་དམ་འཛིན་བཅས་བྱས་ཏེ་དག་ཐེར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱ་སྤྱོད་དང་ཕན་འབྲས་དངོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་དང་མཐའ་གཅིག་ཏུ་བརྩི་བཀུར་ཞུ་ལུགས་དང་། བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་ཞེས་གསུངས།

    ཀྲོང་ཡན་གྱིས་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དག་ཐེར་དང་བསྒྲུབ་རྒྱུར་ལྟ་སྐུལ་གྱི་ལམ་ལུགས་དང་འགོ་ཁྲིད་ཀྱིས་དག་ཐེར་གནད་དོན་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་རིམ་པ་བཞིན་དོན་འཁྱོལ་བྱེད་པ། རིམ་ཁག་འགོ་ཁྲིད་ཀྱིས་འཐབ་ས་དང་པོར་བསྐྱོད་ནས་བཀོད་འདོམས་དང་དམ་འཛིན་ལྷོད་མེད་ལ་སྐུལ་འདེད་གཏོང་བ། དག་ཐེར་གྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། དག་ཐེར་བྱེད་ཐབས་འཐབ་ས་དང་པོར་དོན་འཁྱོལ་བཅས་བྱས་ཏེ་དག་ཐེར་ལས་དོན་ལ་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲིའི་སྒྲིག་ཁྲིམས་ནན་དུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མངོན་གསལ་དོད་དུ་གཏོང་བ། གཙོ་གནད་དང་འགག་རྩ་ཁོང་དུ་ཆུད་པར་བྱེད་པ། དག་ཐེར་ལས་དོན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཤེས་པར་བྱེད་པ། གནད་དོན་དག་ཐེར་དང་ཞན་ཆ་གསབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།