དབུ་ཤོག>སྲིད་དོན།
  • ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-10

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་གྲོས་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ད་ཐེངས་ཀྱི་རྩ་ཁྲིམས་བཟོ་བཅོས་གོ་སྐབས་སུ་བྱས་ནས་རྩ་ཁྲིམས་ལ་གོང་བཀུར་དང་། སློབ་སྦྱོང་། བརྩི་སྲུང་། སྲུང་སྐྱོང། བེད་སྤྱོད་བཅས་བྱ་རྒྱུ་སྣེ་ཁྲིད་པ་དང་། འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚིག་ཉུང་དོན་གསལ་གྱི་སྒོ་ནས་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། གཞན་ངོས་རྩོད་སྒྲུབ་ཀྱི་སྒོ་ནས་དུས་བབ་ལ་དབྱེ་ཞིབ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་ལས་དོན་ལ་བཀོད་སྒྲིག་བཅས་བྱས་ཡོད་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འདོད་འདུན་གང་ལེགས་མཚོན་པ་མ་ཟད། སྙན་སྒྲོན་འདི་ནི་དར་ཆ་མཐོན་པོར་བསྒྲེངས་བ་དང་། མཐུན་སྒྲིལ་ངར་འཕེལ། དངོས་ཐོག་བདེན་འཚོལ། མི་སེམས་ལ་སྐུལ་ལྕག་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་སྟབས་རྦད་དེ་མོས་མཐུན་ཡོད་ལ་བརྩི་སྲུང་ཡང་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཡུན་དང་འགན་བཞེས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ལྟ་བཤེར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་སོགས་ཚུད་པའི་འབྲེལ་ཡོད་ནང་དོན་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ནང་དུས་ཐོག་ཏུ་འཇུག་རྒྱུ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་སྐྱོད་པའི་ཚད་མཐོའི་གདེང་ཚོད་དང་ཆོད་སེམས་བརྟན་པོ་གང་ལེགས་མངོན་པས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྩ་ཁྲིམས་བཟོ་བཅོས་ཀྱི་བརྒྱུད་རིམ་ནན་ལ་ཁྲིམས་སྒྲིག་སྲོལ་མཐུན་པ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ་ཆ་རྐྱེན་འཛོམས་པ་དང་ལག་ལེན་བསྟར་ཆོག་པ་ཞིག་ཡོད་པ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གཏན་ཚིགས་ནན་ལ་གླེང་གཞི་གནད་ལ་འཁེལ་བ་བཅས་ཡོད་པས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་དོན་ཚན་ཁག་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།