དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་མཚུར་ཕུ་དགོན་དང་སེ་ར་དགོན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-01

    ཚེས་27ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་མཚུར་ཕུ་དགོན་དང་སེ་ར་དགོན་དུ་ཕེབས་ནས་དགོན་སྡོད་ལས་བྱེད་པ་དང་། ལས་སྒྲུབ་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། རྒྱལ་གཅེས་གྲྭ་བཙུན་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་མ་ཟད། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་ཀ་སྤེལ་ཚུལ་བརྟག་ཞིབ་གནང་བ་རེད།

    ཀྲོང་ཡན་དང་བཅས་པས་རྡོ་སྐས་ཐོག་དལ་བུར་ཕེབས་ཞོར་ཞིབ་ཚགས་ངང་གཟིགས་པ་དང་འབྲེལ་མཚུར་ཕུ་དགོན་གྱི་དགོན་སྡེ་དོ་དམ་ལས་ཀའི་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་པ་དང་། སྐབས་རེ་ཕེབས་མཚམས་བཞག་ནས་དགེ་འདུན་པ་རྣམས་དང་བྱམས་བརྩེའི་སྤེལ་རེས་གནང་བ་རེད། དགོན་སྡེའི་གྲྭ་དམངས་ཀྱིས་ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ནས་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་སྟེ་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། དཀའ་ངལ་སེལ་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱས་པས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་གི་བཀའ་དྲིན་སྙིང་བཅངས་བྱས་ནས་ངེས་པར་དུ་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུ་ཡིན་ཞེས་བཤད། ཀྲོང་ཡན་གྱིས་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཁྲིམས་སྲུང་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་མཉམ་དུ་ཕྱར་བ་གྲུ་འདེགས་ངང་རང་ལྗོངས་ཀྱི་བརྟན་ལྷིང་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    སེ་ར་དགོན་དུ་ཀྲོང་ཡན་གྱིས་ཆོས་མཇལ་དུ་ཕེབས་པའི་མང་ཚོགས་དང་མཛའ་བརྩེའི་ངང་གླེང་མོལ་གནང་སྟེ“ཁྱེད་ཚོ་གང་ནས་ཡིན་ནམ”“ཁྱིམ་གྱི་ཡོང་འབབ་གང་འདྲ་འདུག”ཅེས་དྲིས་པར་འབྲོག་ཁུལ་ནས་ཡོང་བའི་མང་ཚོགས་ནོར་གོག་གིས་ཀྲོང་ཡན་ལ“ན་ནིང་ཁྱིམ་གྱི་ཡོང་འབབ་ཧ་ཅང་ཡག་པོ་འདུག ངེད་ཚང་གི་ཕྲུ་གུ་སློབ་གྲྭར་བསྐྱོད་ནས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བར་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་ལོ་གསར་ལ་སེ་ར་དགོན་དུ་ཡོང་ནས་འདི་ལོ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་བཞིན་ཡོད་ལ། ང་ཚོའི་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད”ཅེས་ལན་བཏབ་པས་དག་ཀྲོང་ཡན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་ཆོས་དད་རང་མོས་དང་དགོས་མཁོ་འགན་ལེན་བྱས་ཡོད། ཁྱེད་ཚོས་སེམས་ནུས་ཐོན་སྐྱེད་གོང་འཕེལ་གཏོང་བ་དང་། འཚོ་བ་ལེགས་སུ་གཏོང་བ། མི་རབས་རྗེས་མར་སློབ་གསོ་གཏོང་བ་བཅས་ཀྱི་ཐད་བཞག་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་དགོན་སྡོད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་ཏན་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ“མཛུབ་ཁྲིད”ལ་ཤུགས་སྣོན་བརྒྱབ་ནས“མཛུབ་ཁྲིད”བྱེད་མཁས་པ་དང་། “མཛུབ་ཁྲིད”ནུས་ལྡན་ཐུབ་པ། “མཛུབ་ཁྲིད”ཕན་འབྲས་ཐོན་པ་བཅས་བྱེད་ཐུབ་པ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ་དགོན་སྡེའི་གྲྭ་བཙུན་ལ་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་རྟོགས་པ། ཁྲིམས་སྲུང་བ་བཅས་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་གྲྭ་བཙུན་བཟང་པོ་ཞིག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ“མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ་དང་། བསྟན་དོན་འདུལ་ཁྲིམས་ནང་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཡ་རབས་བཅས་ལ་ཕན་པ་ཡོད་པའི་ནང་དོན་དར་སྤེལ་ཤུགས་ཆེན་གཏོང་བ། འདུལ་ཁྲིམས་བསྟན་དོན་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམས་པའི་གསལ་འགྲེལ་བྱེད་དགོས། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ངལ་དུབ་ལ་མི་སྐྲག་པ་དང་བསྟུད་མར་ལས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ། ཆོས་ལུགས་ཀྱི་བྱེད་སྒོ་དང་རྒྱུན་ལྡན་གྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ཞབས་ཞུའི་ལས་དོན་ཁག་གཟབ་ནན་དང་། ཞིབ་ཚགས། བརྟན་པོའི་ངང་བསྒྲུབས་ཏེ་ལྗོངས་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས། ལྷག་པར་དུ་བདེ་འཇགས་ཐོན་སྐྱེད་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་བདེ་འཇགས་ཉེན་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་རྒྱུན་ལྡན་ནས་ལྟ་འདོམས་ཡག་པོ་དང་དུས་བཀག་ནང་བདེ་འཇགས་གྲལ་བཤེར་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།