དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-21

     ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་སྔ་རྗེས་སུ་ཕོ་བྲང་པོ་ཏ་ལ་དང་། ཀུན་བདེ་གླིང་སྣུམ་སྣོན་ས་ཚིགས། འབྲས་སྤུངས་དགོན། དན་བག་སྡེ་ཁུལ་བཅས་སུ་ཕེབས་ནས་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་བྱ་ཐབས་ཁག་གི་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་བ་དང་འབྲེལ་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་ཐོན་པར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས་དུས་ཆེན་རིང་བདེ་འཇགས་བརྟན་ལྷིང་དང་དགའ་སྤྲོ་འཆམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    ཀྲོང་ཡན་དང་བཅས་པ་ཕོ་བྲང་པོ་ཏ་ལར་ཕེབས་ཀྱིན་ཕེབས་ཀྱིན་གཟིགས་ཀྱིན་གཟིགས་ཀྱིན་གནང་བ་དང་། བར་བར་དུ་ལས་དོན་མི་སྣ་དང་གླེང་མོལ་གནང་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བྱ་ཐབས་ཁག་གི་དོན་འཁྱོལ་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་ལོ་རྒྱུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་པས་བརྟན་ལྷིང་སྲུང་སྐྱོང་བདེ་འཇགས་དང་མེ་ཟོན་བདེ་འཇགས་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷག་པར་དུ་དུས་ངེས་གཏན་ངང་གློག་སྤྱོད་པའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ཏེ་མེ་ཟོན་བདེ་འཇགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་མེ་ཟོན་བདེ་འཇགས་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས། ཀྲོང་ཡན་གྱིས་བདེ་འཇགས་ཐོན་སྐྱེད་དང་། སྣུམ་རྫས་དོ་དམ། མིང་ངོ་མ་འགོད་པའི་སྣུམ་སྣོན་མ་ལག་སྤྱོད་པ། སྣུམ་སྣོན་ཞབས་ཞུའི་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ནན་ཏན་གནང་རྗེས་སྣུམ་སྣོན་ས་ཚིགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པས་ལས་དོན་མི་སྣ་ཡོངས་ཀྱིས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་དང་། སྣུམ་རྒྱུ་དོ་དམ་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་ལམ་ལུགས་དང་གཏན་འབེབས་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱེད་པ། མངོན་མེད་རྐྱེན་ངན་ཁག་ལ་གྲལ་བཤེར་ནན་ཏན་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་འགན་ལེན་བྱེད་དགོས་ཞེས་གསུངས།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་ལ་ཏག་ཏག་སྐོར་ཞིབ་བྱེད་བཞིན་པའི་དན་བག་སྡེ་ཁུལ་གྱི་གྲོང་མིའི་བདེ་འཇགས་མཉམ་འགོག་སྐོར་ཞིབ་རུ་ཁག་ཐུག་པས་ཁོང་འཕྲལ་མར་རླངས་འཁོར་ནས་བབས་ཏེ་ཁོང་ཚོ་དང་ཕྱག་བཏང་གནང་བ་མ་ཟད། དུས་ཆེན་རིང་མཉམ་འགོག་སྐོར་ཞིབ་རུ་ཁག་གིས་ལས་དོན་སྤེལ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ཁོང་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད། སྐོར་ཞིབ་རུ་ཁག་གི་ཁོངས་མི་མང་པོ་ཞིག་འོས་འགན་ངང་རུ་ཁག་དེར་ཞུགས་པ་མཁྱེན་སྐབས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་སྤྱི་ཚོགས་བཅོས་སྐྱོང་གི་འགོ་འཛུགས་ས་དང་དོན་ལ་འབབ་ས་ནི་མི་དམངས་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན་པ་དང་། ལྟེ་བ་ནི་མང་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་པས་ང་ཚོས་ངེས་པར་དུ་ད་ཡོད་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་ནས་དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་དང་མང་ཚོགས་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་སྐོར་ཞིབ་བྱེད་སྒོར་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།