དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-14

    2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་ནས་སྤྱོད་བཟང་གཞུང་དྲང་གི་དུས་ཆེན་རྣམ་པ་ཞིག་གཏོད་ཆེད། ཉེ་དུས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ་སྟེ།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སློབ་གསོ་ཅུས་ཀྱིས་སློབ་གསོའི་ལྷན་སྦྱར་གྱི་ཆེད་དོན་མ་དངུལ་སྤྱད་དེ་སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་སྣེ་ལེན་དང་ལག་རྟགས་ཉོས་པ་དང་སྤྲད་པ་སོགས་ཀྱི་གནད་དོན། 2015ལོའི་ཟླ་12པར་ལྷོ་རོང་རྫོང་གི་དེ་སྔའི་རྫོང་དཔོན་གཞོན་པ་དགྲ་འདུལ(སློབ་གསོ་ལས་བགོས་འགན་ཁུར་བ)གྱི་མོས་མཐུན་ཐོབ་པ་བརྒྱུད། ལྷོ་རོང་རྫོང་སློབ་གསོ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཤེས་རབ་གཡང་འཛོམས་དང་། དེ་སྔའི་ནོར་དོན་འགན་ཁུར་བ་དང་རྩིས་པའི་འགན་གཅིག་ལྕོགས་ཁུར་མཁན་ཚེ་དབང་ཉི་མ།

    དེ་སྔའི་རྩིས་པ་རྒྱལ་མཚན་བསྟན་འཛིན། དེ་སྔའི་དངུལ་གཏོང་ལེན་པ་འཇམ་དབྱངས་དབང་ཕྱུག་བཅས་ཀྱིས་སློབ་གྲྭའི་ཞོར་གཏོགས་འདུ་འགོད་རྫུན་བཟོ་བྱེད་པའི་བྱེད་སྟངས་སྤྱད་དེ་སློབ་གསོའི་ལྷན་སྦྱར་མ་དངུལ་སྒོར་ཁྲི་81སྤྱད་པའི་ནང་སྒོར་ཁྲི་64.32སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་སྣེ་ལེན་ཞུས་པ་དང་། རོལ་རྩེད་འཛད་སྤྱོད་བྱས་པ། ལག་རྟགས་སྤྲོད་རྒྱུ་ཉོས་པ་བཅས་དང་སྒོར་ཁྲི་16.68གཞན་སྤྱོད་བྱས་ཡོད། 2017ལོར་དགྲ་འདུལ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྲིད་འཛིན་རིམ་གཅོག་གི་ཆད་པ་བཅད་པ་དང་། ཤེས་རབ་གཡང་འཛོམས་ལ་ཏང་ནང་བཞག་ནས་ལོ་གཉིས་ལྟ་ཞིབ་བྱ་རྒྱུ་དང་སྲིད་འཛིན་གནས་དབྱུང་གི་ཆད་པ་གཅོད་རྒྱུ་དང་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་གཞིར་བཟུང་ལས་ཀ་བཀོད་སྒྲིག་བྱ་རྒྱུ། ཚེ་དབང་ཉི་མ་དང་། རྒྱལ་མཚན་བསྟན་འཛིན། འཇམ་དབྱངས་དབང་ཕྱུག་བཅས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་ལས་གནས་རིམ་གཅོག་གི་ཆད་པ་གཅོད་རྒྱུ་དང་སྦྲགས་ལས་གནས་ལེགས་སྒྲིག་ཀྱང་བྱ་རྒྱུ་རེད།

    མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བྱང་རྩེ་ཤང་གིས་སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་འཛད་སྤྱོད་བྱས་པ་སོགས་ཀྱི་གནད་དོན་ཏེ། 2014ལོ་དང་2015ལོར་ལི་ཧྥེང་གིས་རྩྭ་མདའ་རྫོང་བྱང་རྩེ་ཤང་གི་ཏང་ཨུད་ཧྲུའུ་ཅིའི་འགན་འཁུར་རིང་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་ཁ་ལག་ཐེངས་4བཟས་ཏེ་ཁྱོན་གཞུང་དངུལ་སྒོར་10595བཏང་བ་དང་། དེ་དང་ཆབས་ཅིག ལི་ཧྥེང་ལ་ད་དུང་སྒྲིག་འགལ་གནད་དོན་གཞན་གནས་ཡོད། 2017ལོའི་ཟླ་9པར། ལི་ཧྥེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་བསྒྲགས་པ་དང་སྒྲིག་འགལ་མ་དངུལ་གཞུང་བཞེས་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་རྡོ་དུང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་པ་ཀུའོ་ཐན་ཁྲོན་གྱིས་སྒྲིག་འགལ་ངང་གཞུང་འཁོར་བཏང་བའི་གནད་དོན་ཏེ། 2017ལོའི་ཟླ་2པར། ཀུའོ་ཐན་ཁྲོན་གྱིས་གཞུང་འཁོར་བཏང་ནས་སྤོ་བོ་རྫོང་གྲོང་དུ་གྲོགས་པོ་དང་མཉམ་དུ་ཁ་ལག་བཟས་པ་མ་ཟད། ད་དུང་གྲོགས་པོ་རྫོང་གྲོང་གི་གསོལ་མགྲོན་ཁང་དུ་བསྐྱལ་ནས་ཁང་པ་མངགས་རོགས་བྱས། རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་རིང་། ཀུའོ་ཐན་ཁྲོན་གྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་ནས་རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱས་མེད། 2017ལོའི་ཟླ་9པར་ཀུའོ་ཐན་ཁྲོན་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་ཡོད།

    མངའ་རིས་ས་ཁུལ་ཆུ་བེད་ཅུས་གྲོང་གསེབ་ཆུ་བེད་ཆུ་གློག་ཆུ་སྲུང་ཁོའོ་ཡི་ཀྲུའུ་རེན་ཁོ་ཡོན་ཧུའུ་ཡན་ཁྲའོ་ཡིས་སྒྲིག་འགལ་ངང་གཞུང་འཁོར་སྤྱོད་པའི་གནད་དོན་ཏེ། 2017ལོའི་ཟླ་དྲུག་པར་ཧུའུ་ཡན་ཁྲའོ་ཡིས་ལྷ་སར་གཞུང་འཁོར་བཏང་ནས་གྲོགས་པོ་དང་མཉམ་དུ་ཐན་ཧའེ་ཚོང་ལས་ལྟེ་གནས་སུ་ཁ་ལག་ཟ་བར་བསྐྱོད་དེ་གཞུང་འཁོར་ལྷ་ས་གྲོང་ཁྱེར་ཐན་ཧའེ་ཚོང་ལས་ལྟེ་གནས་ཀྱི་རླངས་འཁོར་འཇོག་སར་བཞག་པས་2017ལོའི་ཟླ་བརྒྱད་པར་ཧུའུ་ཡན་ཁྲའོ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་དམའ་རིམ་སློབ་འབྲིང་གཉིས་པས་སྒྲིག་འགལ་ངང་ཁ་གསབ་མ་དངུལ་སྤྲད་པའི་གནད་དོན་ཏེ། 2016ལོའི་ཟླ་གསུམ་པར་ཁ་རུབ་ཆུས་ཀྱི་དམའ་རིམ་སློབ་འབྲིང་གཉིས་པས་སློབ་གྲྭ་དེ་གའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སློབ་སྤྱི་གཞོན་པ་ཐུབ་བསྟན་ཉི་མ་དང་སློབ་སྤྱི་ཡན་ཀྲི་མིང་གཉིས་ཀྱི་མོས་མཐུན་ཐོབ་རྗེས་ཉིན་རེར་སྒོར་120ནས་150བར་གྱི་ཚད་གཞི་གཞིར་བཟུང་དགུན་ཁའི་གུང་གསེང་རིང་སློབ་གྲྭར་ལས་རེས་སྡོད་མཁན་དང་ལས་དུས་འཕར་མ་བྱེད་མཁན་གྱི་མི་སྣར་ཚད་གཞི་ལས་བརྒལ་ཏེ་ཁ་གསབ་མ་དངུལ་སྒོར་42780སྤྲད་པས་2017ལོའི་ཟླ་ལྔ་པར་ཐུབ་བསྟན་ཉི་མ་དང་ཡན་ཀྲི་མིང་གཉིས་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་སོ་སོར་ཕོག་པ་དང་སྒྲིག་འགལ་མ་དངུལ་གཞུང་བཞེས་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་འཛད་སྤྱོད་བྱས་པའི་གནད་དོན་ཏེ། 2017ལོའི་ཟླ་གསུམ་པར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་མ་ཞའོ་ཤིང(མང་ཚོགས། བྱ་གཞག་སྒྲིག་ཁོངས)གི་མོས་མཐུན་ཐོབ་པ་བརྒྱུད། ལྟེ་གནས་དེའི་ལས་དོན་མི་སྣ་18ཀྱིས་ལས་རོགས་དགའ་སྐྱེལ་ལ་ཁ་གཡར་ནས་གྲོན་དངུལ་སྒོར་3417བཏང་བ་དེ་སྒྲིག་འགལ་ངང་གཞུང་དངུལ་ཐོག་ནས་འགྲོ་སོང་རྩིས་ཞུ་བྱས་པས་2017ལོའི་ཟླ་བཅུ་གཅིག་པར་མ་ཞའོ་ཤིང་ལ་སྐྱོན་འགོད་ཆད་པ་ཕོག་པ་དང་སྒྲིག་འགལ་མ་དངུལ་གཞུང་བཞེས་བཏང་བ་རེད།

    བརྡ་ཁྱབ་ནང་རིམ་ཁག་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ལ་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ་བློ་དཀར་འགྱུར་མེད་དང་། འགན་འཁུར་ཕོད་པ། སྒྲིག་བཀུར་ཁྲིམས་སྲུང་། སྲིད་གཙང་གཞུང་དྲང་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་གསར་པའི་སྒྲིག་ཨུད་ཀྱི་ལྟ་ཞིབ་ལས་དོན་གྱི་ངེས་ནུས་དང་། ཐེག་ནུས། གསོན་ཤུགས་སོགས་ཡག་པོ་སྒྲུབ་དགོས་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། “སྤྱོད་ཚུལ་བཞིའི”གནད་དོན་ལ་དམ་པོར་དམིགས་ནས་སྔ་ས་དང་ཆུང་ཙག་ནས་དམ་འཛིན་བྱེད་པ་དང་རྐྱེན་ཆུང་ཐོག་ནས་སེལ་བ། བཅོས་སྐྱོང་ནན་པོ་རྒྱུན་མཐུད་ངང་བྱས་ཏེ“ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་གོམ་པ་ཕྱེད་ཀའང་ཕྱིར་བཤོལ་མི་རྒྱག་པའི”སྙིང་སྟོབས་དང་སེམས་ཤུགས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་པ་གཙང་དུ་དང་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཐད་བཏོན་པའི་བཀོད་སྒྲིག་གསར་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།