རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།
རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བློ་བཟང་རྒྱལ་མཚན།
འཐུས་མི་རྣམ་པ།
ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངག་ལྟར། ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།
གཅིག འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་གཙོ་བོ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད། འདས་ཟིན་པའི་ལོ་ལྔའི་རིང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་གཅིག་གྱུར་ནུས་ལྡན་ཡོང་བ་རྒྱུན་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ལ་དམ་པོར་དམིགས་ཏེ་འགན་འཁྲི་ཁྲིམས་བཞིན་བསྒྲུབས་པ་དང་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཐོག བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
(གཅིག)དར་ཆ་མཐོར་བསྒྲེངས་དང་ཁ་ཕྱོགས་བརྟན་གཏོང་གིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོཌ་སྲིད་ཇུས་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ཐོག་མཐའ་བར་གསུམ་དུ་ཏང་གི་དར་ཆ་དེ་དར་ཆ་གཙོ་བོར་བྱེད་རྒྱུ་དང་། ཏང་གི་ཁ་ཕྱོགས་དེ་ཁ་ཕྱོགས་གཙོ་བོར་བྱེད་རྒྱུ། ཏང་གི་བློ་སྟོབས་དེ་བློ་སྟོབས་གཙོ་བོར་བྱེད་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོར་བཙུགས་ཤིང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་ཡར་རྒྱས་ཡོང་བ་བྱེད་རྒྱུ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཐུས་ཚང་ངང་གོང་འཕེལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་གཙོ་རྐང་དུ་བརྩིས་ཏེ་ཁྱོན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་39དང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་128སྐོང་འཚོག་བྱས་ནས་ཁྲིམས་བཟོ་དང་། ལྟ་སྐུལ། གཏན་འབེབས། འཐུས་མི་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཁར། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐབས་བཅུ་པའི་ཚོགས་འདུ་རིམ་བྱུང་གི་གྲོས་ཆོད་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལས་ཡུལ་དངོས་ཀྱི་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཁག་དོན་འཁྱོལ་ཐུབ་རྒྱུར་སྐུལ་སྤེལ་བཏང་ཡོད། དེ་བཞིན་གལ་ཆེའི་ཚོགས་འདུ་དང་། གལ་ཆེའི་བྱེད་སྒོ། གལ་ཆེའི་དོན་གནད་བཅས་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་རྒྱུན་འཁྱོངས་ཀྱིས་ལོ་ལྔའི་རིང་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཐེངས་236ཞུས་པར་བརྟེན། ཏང་གིས་འགོ་ཁྲིད་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་ཀའི་ཕྱོགས་གང་ཐད་དང་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་ཐུབ་པ་བྱུང་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚོས་མཐའ་མཚམས་ས་ཁུལ་དང་། ཤིན་ཏུ་དབུལ་བའི་ས་ཁུལ། དེ་བཞིན་དབུལ་སྐྱོར་འབྲེལ་གཏུག་བྱེད་གནས་བཅས་སུ་ཟབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཞིབ་ཚགས་བྱས་ཐོག མཐའ་མཚམས་དར་རྒྱས་སྲ་བརྟན་དང་། དབུལ་སྒྲོལ་འགག་སྒྲོལ། མི་རིགས་མཐུན་སྒྲིལ། སྤྱི་པའི་ཞབས་ཞུ་སོགས་ཐད་ཐབས་ཇུས་དང་གྲོས་འགོ་བཏོན་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་གྱིས་ལས་དོན་བསྒྲུབས་ཁར། ས་གནས་གྲོང་ཁྱེར་ཁག་དང་། དེ་བཞིན་གཙོ་གནད་དགོན་སྡེ་དང་གཞི་རིམ་གྱི་འཐབ་ས་མདུན་མར་ཟབ་འཇུག་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ཐད་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བར་བརྟེན། སྤྱི་ཚོགས་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་སྤེལ་ཐུབ་ཡོད།
(གཉིས)ཁྱད་ཆོས་མངོན་ཆེར་བཟུང་བ་དང་སྤུས་ཚད་མཐོ་རུ་བཏང་བས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་བཟོ་རྒྱུར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། ལོ་ལྔའི་རིང་། ཁྱོན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་ཁག་48ལ་གྲོས་ཞིབ་བྱས་ཤིང་། དེའི་ནང་གཏན་འབེབས་བྱས་པ་ཁག་16དང་། བཟོ་བཅོས་བྱས་པ་ཁག་21 ཆོག་མཆན་སྤྲད་པ་ཁག་11བཅས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཁྲིམས་བཟོའི་ལས་དོན་གྱི་ལག་ལེན་དངོས་དང་ཟུང་འབྲེལ་གྱིས་ཁྲིམས་བཟོའི་སྲོལ་ཡིག་ལ་དུས་ཐོག་ཏུ་དག་བཅོས་བྱས་པ་དང་། ཁྲིམས་སྲོལ་བཟོ་ཁོངས་སུ་འཇུག་རྒྱུ་དང་། གྲོས་མོལ་བྱེད་རྒྱུ། བསམ་འཆར་བསྡུ་ལེན་བྱེད་རྒྱུ། ཚོད་སྐོར་བྱེད་རྒྱུ། བློ་འདྲི་བྱེད་རྒྱུ་བཅས་ཀྱི་ཐད་ལམ་ལུགས་ཁག་6གཏན་འཁེལ་བྱས་པར་བརྟེན་ཁྲིམས་བཟོའི་བཅའ་ཁྲིམས་ལག་བསྟར་ཡང་དག་བྱེད་རྒྱུར་འགན་ལེན་ཐུབ་ཡོད། ཡུལ་སྐོར་སྲོལ་ཡིག་དང་། ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་སྲོལ་ཡིག རིག་གནས་ཁྲོམ་རའི་དོ་དམ་སྲོལ་ཡིག དེ་བཞིན་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཅས་གཏན་འབེབས་དང་བཟོ་བཅོས་བྱས་ཡོད་ལ། ལྷ་ས་གྲོང་ཁྱེར་གྱི་སྡེ་ལས་དོ་དམ་སྲོལ་ཡིག་ལ་ཆོག་མཆན་སྤྲད་དེ་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་བཟོས་པས་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་ཡོད། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་། ན་ཚོད་མ་ལོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་ལག་བསྟར་བྱ་ཐབས། སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག དང་བླངས་ཞབས་ཞུའི་སྲོལ་ཡིག་བཅས་གཏན་འབེབས་བྱས་པ་དང་། མཐའ་མཚམས་དོ་དམ་སྲོལ་ཡིག་དང་ཕྱོགས་མིའི་ཞབས་ཞུའི་དོ་དམ་སྲོལ་ཡིག་ལ་དག་བཅོས་བྱས་པར་བརྟེན་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། སྤྱི་ཚོགས་ཞི་མཐུན་བཅས་སྲུང་སྐྱོང་བྱེད་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ཐུབ་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་མ་ཐག དེ་མུར་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག་ལ་དག་བཅོས་ཐེངས་གཉིས་པ་བྱེད་པའི་ལས་དོན་སྤེལ་བ་དང་། ད་དུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཁོངས་ཀྱི་ཁྲིམས་སྲོལ་ཁག་9གཏན་འབེབས་དག་བཅོས་བྱས་ནས་ཆོག་མཆན་སྤྲད་པར་བརྟེན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཐུབ་ཡོད། ཁྲག་འབུལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་། དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱ་ཐབས། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་ལག་བསྟར་བྱ་ཐབས། བདེན་པའི་རྒྱབ་ལངས་པར་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་དང་ཁེ་དབང་འགན་སྲུང་བྱེད་རྒྱུའི་སྲོལ་ཡིག་བཅས་གཏན་འབེབས་དང་བཟོ་བཅོས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་དོ་དམ་བྱེད་རྒྱུའི་སྲོལ་ཡིག་གཏན་འབེབས་བྱས་ཁར། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་སྲུང་སྐྱོབ་བྱེད་རྒྱུའི་སྲོལ་ཡིག་དང་གནའ་གྲོང་སྲུང་སྐྱོབ་བྱེད་རྒྱུའི་སྲོལ་ཡིག་ལ་ཆོག་མཆན་སྤྲད་དེ་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཐུབ་ཡོད། ཁྲིམས་སྲོལ་འཆར་ཟིན་ལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་བཞུགས་མོལ་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པར་བརྟེན་སྤྱི་དམངས་ཀྱིས་གོ་རིམ་ལྡན་པའི་ངང་ཐེ་ཞུགས་བྱེད་རྒྱ་ཆེ་རུ་སོང་ཡོད། ཁྲིམས་བཟོའི་གྲོས་མོལ་ཧུར་ཐག་བྱས་ནས་ཁྲིམས་བཟོའི་སྲོལ་ཡིག་སོགས་གལ་ཆེའི་ཁྲིམས་སྲོལ་ཁག་8ལ་རང་སྐྱོང་ལྗོངས་སྲིད་གྲོས་དང་དེ་བཞིན་འབྲེལ་ཡོད་ཚན་པ་དང་གྲོས་མོལ་བྱས་ཡོད། ཐེངས་དང་པོར་ཕྱོགས་གསུམ་པ་ཞུགས་སུ་བཅུག་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དོ་དམ་སྲོལ་ཡིག་དང་ཆུའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་ཁྲིམས་བཟོས་རྗེས་ཀྱི་ཚོད་སྐོར་བྱས་ཡོད། ཆུས་གསར་དུ་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་བཟོའི་དབང་ཆ་ལག་བསྟར་བྱེད་རྒྱུར་ཚོད་སྐོར་བྱེད་པའི་ལས་དོན་ཧུར་ཐག་སྤེལ་བས། ཆུས་གསར་དུ་བཙུགས་པའི་གྲོང་ཁྱེར་4ཡི་ས་གནས་ཁྲིམས་བཟོའི་ལས་དོན་སྤེལ་རྒྱུར་གོམ་སྟབས་བརྟན་པོ་སྤོ་ཐུབ་ཡོད།
(གསུམ)ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་གཙོ་གནད་མངོན་ཆེར་བཟུང་བས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་རྒྱུ་ཟམ་མི་ཆད་པར་ཤུགས་ཆེར་སོང་བ། ལོ་ལྔའི་རིང་། ཁྱོན་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་36ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། “གཞུང་གཅིག་ཁང་གཉིས”ཀྱི་ཆེད་དོན་སྙན་ཞུ་ཁག་55ཉན་ནས་གྲོས་ཞིབ་བྱས་པ། ཆེད་དོན་བརྟག་ཞིབ་ཐེངས་47བྱས་པ། ཆེད་དོན་འདྲི་རྩད་ཐེངས་6སྒྲིག་འཛུགས་བཅས་བྱས་ཡོད། གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་སྤེལ་གཏོང་རྒྱུར་དམིགས་ཏེ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་དུས་དཀྱིལ་གྱི་ཚོད་སྐོར་སྙན་ཞུར་གྲོས་ཞིབ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་། དེ་བཞིན་ལོ་ལྟར་འཆར་གཞི་ལག་བསྟར་བྱས་ཚུལ་དང་། སྔོན་རྩིས་དོན་འཁྱོལ་དང་ངེས་རྩིས་བྱས་ཚུལ། རྩིས་བཤེར་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་སྒྲོན་ཉན་ནས་གྲོས་ཞིབ་བྱས་པ། ལོ་འཁོར་གྱི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར་ཆོག་མཆན་སྤྲད་པ། ཁྲལ་བསྡུ་དང་ཚོང་དོན་གྱི་ཆེད་དོན་སྙན་སྒྲོན་དང་། རྩིས་བཤེར་བྱས་ནས་རྩད་ཞིབ་ཐུབ་པའི་གནད་དོན་ལེགས་བཅོས་དང་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་སྒྲོན་ཉན་ནས་གྲོས་ཞིབ་བྱས་པ། ཡུལ་སྐོར་སྲོལ་ཡིག་དང་སྦྲག་ལས་སྲོལ་ཡིག་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཁྱབ་ཆེའི་སྔོན་རྩིས་དོ་དམ་ལ་སྒྱུར་བཅོས་བྱེད་པའི་ཆེད་དོན་བརྟག་ཞིབ་བྱས་པ། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་རྒྱུར་སྐུལ་སྤེལ་བཏང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏིང་ཟབ་བྱས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པ་བཅས་ལ་བརྟེན་ནས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་གོང་འཕེལ་གཏོང་ཐུབ་ཡོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། རྒྱལ་མཚམས་གྲོལ་ནས་ཕར་འགྲོ་ཚུར་འོང་བྱེད་པར་དོ་དམ་བྱེད་པའི་བཅའ་ཁྲིམས་དང་། ལམ་ཡིག་བཅའ་ཁྲིམས། རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་བཅས་ལ་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་བ་དང་། ཁྲིམས་འཛིན་གྱི་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ནང་མིའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། མི་རིགས་ལས་དོན་སྐོར་གྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ། དེ་བཞིན་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ལག་བསྟར་བྱས་ཚུལ་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དང་མི་འབོར་ཅུང་ཉུང་བའི་མི་རིགས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཚུལ། ཕྱིར་ལོག་བོད་རིགས་སྤུན་ཟླའི་ལས་དོན་སྤེལ་ཚུལ་སོགས་ཀྱི་ཐད་ཆེད་དོན་བརྟག་ཞིབ་བྱས་ནས་ལས་ཀའི་གྲོས་འགོ་བཏོན་པར་བརྟེན་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད། དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་སྲུང་། སྤྱི་པའི་རིག་གནས་འཛུགས་སྐྱོང་དང་ཞབས་ཞུ། སྤྱི་ཚོགས་རོགས་སྐྱོབ་སོགས་ཐད་ཀྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། དེ་བཞིན་འགན་བབས་སློབ་གསོའི་བཅའ་ཁྲིམས་དང་། དགེ་རྒན་གྱི་བཅའ་ཁྲིམས། ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་བཅའ་ཁྲིམས། རིག་དངོས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས། བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས། སྨན་རྫས་དོ་དམ་གྱི་བཅའ་ཁྲིམས། རྒན་རྒོན་གྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང་། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་སོགས་ཀྱི་ཐད་ཆེད་དོན་བརྟག་ཞིབ་བྱས་པར་བརྟེན་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་འགྲོ་བའི་འགན་སྲུང་ཐུབ་ཡོད། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། “གཞུང་གཅིག་ཁང་གཉིས”ཀྱི་ཆེད་དོན་སྙན་སྒྲོན་ཁག་6ཉན་ནས་གྲོས་ཞིབ་བྱས་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་། ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན། མི་དམངས་ཀྱི་འདྲི་རོགས་པ། ལྐོག་ཟ་ལྐོག་རྔན་ལེན་རིགས་ལ་ངོ་རྒོལ་སོགས་བྱེད་པ་བཅས་ཐད་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ཁྲིམས་འཛིན་ནན་པོ་དང་ཁྲིམས་འཛིན་དྲང་བཞག་ཡོང་རྒྱུར་སྐུལ་སྤེལ་ཐུབ་པ་དང་། ཁྲིམས་འཛིན་གྱི་སྤྱི་མོས་ཡོང་ཤུགས་དང་མང་ཚོགས་ཀྱི་བློ་མོས་བྱུང་ཚད་ཆེ་རུ་སོང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུར་དམིགས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ལོ་གཉིས་བསྟུད་མར་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད། ཆེད་དོན་འདྲི་རྩད་ཀྱི་ལས་དོན་སྤེལ་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་མཐའ་མཚམས་ཀྱི་འཐབ་ས་མདུན་མར་ཟབ་འཇུག་བྱས་ནས་འབྱོར་འབྲིང་དཔེ་མཚོན་གྱི་གྲོང་ཚོ་འཛུགས་གཏོད་བྱེད་རྒྱུའི་ཐད་བརྟག་ཞིབ་དང་མཛུབ་ཁྲིད་བྱས་པ་དང་། ཤིན་ཏུ་དབུལ་བའི་ས་གནས་དང་གྲོང་ཁྱེར། དེ་བཞིན་རྫོང་ཁག་གཅིག་ཏུ་གནས་སྡོད་བྱས་ཏེ་ལས་དོན་གནད་འཁེལ་ཞིབ་ཚགས་སྤེལ་ཡོད་ལ། རྫོང(ཆུས)ཁག་ཏུ་ཟབ་འཇུག་བྱས་ཏེ་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་ལས་དོན་སྤེལ་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པར་བརྟེན། དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆགས་རྒྱུར་སྐུལ་སྤེལ་ཐུབ་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུར་དམིགས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལོ་འཁོར་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ། ས་ཆུ་སྲུང་འཛིན་སོགས་ཐད་ཀྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ། འདམ་ར་སྲུང་སྐྱོབ་ཀྱི་སྲོལ་ཡིག་དང་གནམ་དཔྱད་ཐོན་ཁུངས་ཀྱི་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་8ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་བྱ་སྤྱོད། བོད་སྐྱོད་བྱ་སྤྱོད་རྒྱུན་མཐུད་སྤེལ་བས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་ཆ་ཚང་ཞིང་གནད་ལ་འཁེལ་བའི་ཐོག་ནས་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་ཐུབ་ཡོད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱེད་རྒྱུར་དམིགས་ཏེ། སྙན་དཔོད་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཤིང་། སྙན་དཔོད་ཞིབ་བཤེར་གྱི་ཆ་འཕྲིན་ལས་སྟེགས་དང་སྙན་དཔོད་ཞིབ་བཤེར་ལས་དོན་གྱི་མཉམ་འགུལ་ལམ་སྲོལ་བཙུགས་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་དཔོད་ཞིབ་བཤེར་ལས་ཀའི་ཆེད་དོན་སྙན་ཞུ་འབུལ་ལམ་དེ་རྒྱལ་ཡོངས་སུ་སྔོན་ཚུད་དུ་སྤེལ་ཐུབ་ཡོད། ལོ་ལྔའི་རིང་། སྙན་དཔོད་བྱེད་རྒྱུར་ཕུལ་བའི་ཚད་ལྡན་ཅན་གྱི་ཡིག་ཆ་ཁག་64ལ་ཞིབ་བཤེར་ནན་ཏན་བྱས་པ་དང་། ཡིག་ཆ་ཁག་5དག་བཅོས་བྱེད་རྒྱུར་ལྟ་སྐུལ་བྱས་ཡོད། བརྗོད་གཞི་འདེམས་པ་དང་། བརྟག་ཞིབ། སྙན་འབུལ། གྲོས་ཞིབ། བཅོས་སྒྲིག སྒྲུབ་སྐུལ། ལན་སྤྲོད་བཅས་བྱེད་པའི་ལྟ་སྐུལ་ལས་དོན་སྤེལ་སྟངས་ཚགས་ཚུད་དུ་བཏང་ནས་ཆེད་དོན་འདྲི་རྩད་ཀྱི་བྱ་ཐབས་བཟོ་འདོན་བྱས་པ་དང་། ནོར་སྲིད་ཀྱི་མ་དངུལ་སྒྱུར་སྤྲོད་དང་གལ་ཆེའི་རྣམ་གྲངས་ཀྱི་མ་དངུལ་ལ་ལྟ་སྐུལ་བྱེད་པའི་བསམ་འཆར་དང་། ནོར་སྲིད་ཀྱི་གལ་ཆེའི་ཆེད་དམིགས་གཏོང་སྒོ་དང་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་ལ་རྩིས་བཤེར་བྱས་འབྲས་དེ་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་ཞུ་བྱེད་པའི་བསམ་འཆར་བཟོས་ཡོད་ལ། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་སྲོལ་ཡིག་ལ་བཟོ་བཅོས་བྱས་པས། ལྟ་སྐུལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་སོང་ཡོད།
(བཞི) ཁྲིམས་བཞིན་ཚད་ལྡན་དང་དམངས་གཙོའི་ཇུས་ཐག་བཅད་པས་གཏན་འབེབས་བྱེད་དབང་དང་བསྐོ་འཐེན་བྱེད་དབང་སྤྱོད་རྒྱུ་ཏན་ཏིག་གོ་རིམ་ལྡན་པ་བྱུང་བ། ནོར་སྲིད་ཀྱི་ངེས་རྩིས་དང་། སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི། ས་གནས་སྲིད་གཞུང་གི་བུན་འཛིན་བགོ་འགྲེམས་དང་བེད་སྤྱོད་བྱེད་པའི་ཇུས་གཞི་བཅས་ཐད་ཀྱི་གྲོས་ཆོད་དང་གཏན་འབེབས་ཁག་15ལ་ཆོག་མཆན་སྤྲད་པར་བརྟེན་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པ་དང་། ནོར་སྲིད་ཀྱི་སྔོན་རྩིས་དང་ངེས་རྩིས་ལ་ཚན་རིག་དང་མཐུན་པའི་དོ་དམ་བྱེད་རྒྱུར་སྐུལ་སྤེལ་ཐུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱས་ཏེ་གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ་བཅས་ས་གནས་ནས་གྲོང་ཁྱེར་ལ་སྒྱུར་རྒྱུ་དང་། དེ་བཞིན་རྫོང་རེ་ཟུང་ཆུས་ལ་སྒྱུར་རྒྱུ། མཚོ་གཉིས་དེ་རྫོང་ལ་སྒྱུར་རྒྱུ་བཅས་དང་འབྲེལ་བའི་མི་དམངས་འཐུས་ཚོགས་ཀྱི་སྐབས་གསར་པའི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་སྐལ། འདེམས་བསྐོ་བྱེད་ཐབས་སོགས་ཐད་གཏན་འབེབས་ཁག་14བཟོས་ནས་གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། “དྲུག་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། “བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་གྲོས་ཆོད་བཟོས་ཡོད། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་འདེམས་བསྐོ་དང་བསྐོ་འཐེན་བྱེད་པ་གཉིས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས(གྲངས)1212འདེམས་བསྐོ་དང་བསྐོ་འཐེན་བྱས་པས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་བྱེད་པའི་འདོད་འདུན་བདེ་བླག་ངང་འགྲུབ་ཐུབ་ཡོད། 《རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》གཏན་འབེབས་བྱས་ཏེ། སྔ་རྗེས་སུ་གསར་དུ་བསྐོ་བཞག་བྱས་པའི་མི་སྣ་61སྒྲིག་འཛུགས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་པས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་གཞུང་ཞབས་པའི་འདུ་ཤེས་སྔར་བས་ཆེ་རུ་སོང་ཡོད།
(ལྔ)ཞབས་ཞུ་བསྒྲུབ་རྒྱུར་དོ་སྣང་དང་འབྲེལ་གཏུག་དམ་ཟབ་བྱས་པས་འཐུས་མིའི་གཙོ་རྐང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ། གྲོང་ཁྱེར(ས་གནས)དང་། རྫོང(ཆུས) ཤང(གྲོང་རྡལ) ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ཚང་མར“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”གིས་ཡོངས་སུ་ཁེབས་པ་དང་། སྲིད་འཛིན་གྲོང་ཚོ་ཁག་གཅིག་ལ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་སྒོ་ཁང”ཡང་བཙུགས་པས་ཚོགས་འདུ་གྲོལ་བའི་སྐབས་སུ་འཐུས་མིའི་བྱེད་སྒོ་སྤེལ་རྒྱུ་དེ་སྔར་བས་རྒྱུན་གཏན་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་དུ་གྱུར་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཐད་ཀར་འབྲེལ་གཏུག་བྱེད་པ་དང་། འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི“འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་བཙུགས་པ་དང་དོན་འཁྱོལ་བྱས་ཤིང་། ཀྲུའུ་རེན་ཚོགས་འདུའི་ཁོངས་མི་གཞི་རིམ་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས་ངེས་པར་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ངོ་བཅར་ཞུ་གི་ཡོད་ལ། སྔ་རྗེས་སུ་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི290ལྷག་ཙམ་གདན་ཞུས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱས་པ་དང་། ཁྲིམས་བཟོའི་བརྟག་ཞིབ་དང་། ཁྲིམས་འཛིན་ཞིབ་བཤེར། གྲོས་འགོ་སྒྲུབ་སྐུལ་སོགས་ཀྱི་བྱེད་སྒོའི་ནང་འཐུས་མི་ཞུགས་རྒྱུ་གདན་ཞུ་ཧུར་ཐག་བྱས་པས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྤེལ་རྒྱུའི་དམངས་འདུན་གྱི་རྨང་གཞི་དེ་བས་བརྟན་དུ་སོང་ཡོད། ལོ་ལྔའི་རིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྱོན་གྲོས་གཞི་དང་གྲོས་འགོ་ཁག་1624བཏོན་ཁར། སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་ལྟར་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། འཐུས་མིའི་གྲོས་འགོ་གཉེར་སྒྲུབ་བྱས་ཚུལ་གྱི་སྙན་ཞུ་ཉན་ཡོད། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ལན་འདེབས་ནན་ཏན་བྱས་པར་བརྟེན། གཉེར་སྒྲུབ་བྱས་ཚད་དང་བློ་མོས་བྱུང་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། འཐུས་མིས་བཏོན་པའི་ཏེང་པ་བའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་འབྲི་འགོད་བྱེད་རྒྱུའི་སྐོར་གྱི་གནད་དོན་ཐད། ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད་ཐག་གཅོད་འཚམ་པོ་བྱུང་ཡོད། འཐུས་མིར་ཞབས་ཞུ་དང་འགན་སྲུང་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བ་དང་། འཐུས་མིའི་སློབ་སྦྱོང་སྦྱོང་བརྡར་དང་། རྟོག་ཞིབ་བརྟག་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འཐུས་མིའི་སློབ་སྦྱོང་གི་སྦྱོང་བརྡར་འཛིན་གྲྭ་ཐེངས་18གཉེར་ཞིང་། སྦྱོང་བརྡར་ནང་ཞུགས་མཁན་མི་ཐེངས(གྲངས)415ཟིན་པར་བརྟེན། བུད་མེད་འཐུས་མི་དང་། ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི། དེ་བཞིན་འཐབ་ས་མདུན་མའི་འཐུས་མི་བཅས་ལ་རེས་སྐོར་སྦྱོང་བརྡར་ཐེངས་རེ་སྤྲོས་པའི་དམིགས་ཚད་ལེགས་གྲུབ་ཐུབ་ཡོད། འཐུས་མིས་གཅིག་སྡུད་དུ་རྟོག་ཞིབ་དང་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་ནན་ཏན་སྤེལ་ཏེ་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས(གྲངས)190སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་རྟོག་ཞིབ་དང་། བཞུགས་མོལ། དཔང་ཉན་ཚོགས་འདུ་སོགས་ཀྱི་བྱེད་སྒོའི་ནང་ཞུགས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས(གྲངས)35སྒྲིག་འཛུགས་བྱས་ཏེ་སློབ་ཆེན་དཀྱུས་མའི་སློབ་མ་བསྡུ་འཇུག་དང་། གཞུང་ཞབས་པ་ཡོངས་བསྒྲགས་སུ་བསྡུ་འཇུག་རྒྱུགས་ལེན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་བྱས་པས་འཐུས་མིའི་ཐེ་ཞུགས་བྱེད་དབང་དང་། གནས་ཚུལ་ཤེས་རྟོགས་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ལ་འགན་སྲུང་ཐུབ་ཡོད། ལོ་ལྟར་མི་དམངས་འཐུས་ཚོགས་ས་གནས་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་མངག་བཅོལ་གྱིས་ས་གནས་དེ་གའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཅིག་སྡུད་དུ་རྟོག་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱས་པ་དང་། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་། སྐྱེ་ཁམས་ཡུལ་སྐོར་ཁུལ། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན། དེ་བཞིན་བཟའ་བཅའི་བདེ་འཇགས་དང་། དབུལ་སྒྲོལ་འགག་སྒྲོལ་སོགས་ལ་དམིགས་ཏེ་ཆེད་དོན་བརྟག་ཞིབ་བྱས་ཡོད། འཐུས་མིའི་འོས་བབ་ཞིབ་བཤེར་བྱེད་པའི་ལས་ཀར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཆབ་སྲིད་ཀྱི་ཚད་གཞི་ནན་སྲུང་དང་འཐུས་མིས་རང་འགན་གཙང་སྒྲུབ་ནན་ཏན་བྱེད་རྒྱུར་སྐུལ་འདེད་བཏང་ནས་རང་རྟོགས་ངང་དེ་སྔའི་འདེམས་བསྐོ་ཚན་པ་དང་འདེམས་ཁུལ་གྱི་ལྟ་སྐུལ་དང་ལེན་བྱས་ཡོད།
(དྲུག) མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་ཁྲིམས་བཞིན་ལག་བསྟར་བྱས་པས་སྐབས་བརྗེ་འདེམས་བསྐོའི་ལས་དོན་སྲོལ་བཟང་གཞུང་དྲང་བྱུང་བ། ཏང་གིས་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། 2016ལོའི་ལྗོངས་ཡོངས་ཀྱི་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེ་འདེམས་བསྐོ་དང་། 2017ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཞིབ་འཇུག་བྱས་ཏེ་བསམ་འཆར་བཏོན་པ་དང་ལག་བསྟར་ཇུས་གཞི་བཟོས་ཐོག ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་ཞུ་ཕུལ་ནས་མཆན་འགོད་བརྒྱུད་སྤེལ་བྱས་པར་བརྟེན། སྐབས་བརྗེ་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྤེལ་ཐུབ་པ་བྱུང་ཡོད། འདེམས་བསྐོའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་དང་། འཐུས་མིའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས། ཤང་དང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྲོལ་ཡིག་བཅས་ལ་དུས་ཐོག་ཏུ་དག་བཅོས་བྱས་པ་དང་། སྐབས་བརྗེ་འདེམས་བསྐོའི་དུས་ཚོད་དང་། འཐུས་མིའི་མིང་སྐལ་བགོ་བཤའ་རྒྱག་པ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་མིང་སྐལ་སོགས་ཁྲིམས་བཞིན་གཏན་འཁེལ་བྱས་ཡོད། ཀྲུའུ་རེན་ཚོགས་འདུའི་ཁོངས་མི་ཁག་བགོས་ཀྱིས་ས་གནས་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་དེ་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏོང་བ་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་ལ། ལྷུ་ཚིགས་ཁག་གི་ལས་དོན་ལ་མཛུབ་ཁྲིད་ཞིབ་ཚགས་བྱས་ཏེ། གཏན་འབེབས་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལས་འགལ་བའི་གནད་དོན་རིགས་ཐར་པར་གཏན་ནས་མ་བཏང་བར་བརྟེན། སྐབས་བརྗེའི་འདེམས་བསྐོ་དེ་ཁྲིམས་བཞིན་གོ་རིམ་ལྡན་པ་དང་། སྤྱོད་ངན་གཙང་སེལ། ལམ་ལྷོངས་ངང་ལེགས་གྲུབ་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང(ཆུས) ཤང(གྲོང་རྡལ)བཅས་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་35694བདམས་ཐོན་བྱུང་བ་དེས་འཐུས་མིའི་གྲུབ་ཆ་སྔར་བས་ལེགས་སུ་སོང་བ་དང་། འཐུས་མིའི་རྒྱ་ཁྱབ་རང་བཞིན་གང་ལེགས་མངོན་ཐུབ་ནས་ལྗོངས་ཡོངས་ཀྱི་སྲིད་དབང་འཛུགས་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་ཐེབས་ཡོད། ལྟ་བཤེར་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་རྒྱུའི་ཚོད་ལྟའི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལྟ་བཤེར་ཨུ་ལྷན་གྱི་ཁོངས་མིའི་འདེམས་བསྐོ་དང་དེ་བཞིན་བསྐོ་གཞག་བྱེད་པའི་ལས་དོན་ཏན་ཏིག་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་པར་བརྟེན་ལྟ་བཤེར་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་ཕྱིར་རྩ་འཛུགས་ཀྱི་འགན་ལེན་ཐུབ་ཡོད།
(བདུན)རང་འགུལ་ངང་ལས་རྗེས་ཐོན་པ་དང་གྲོགས་པོ་རྒྱ་ཆེར་བསྒྲིགས་པས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་ཞབས་ཞུ་བསྒྲུབ་རྒྱུར་ཕན་འབྲས་ཐོན་པ། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མཛད་ཕྱོགས་དང་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་ཞུ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པ་ཁག་11དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་ཁག་24སྒྲིག་འཛུགས་བྱས་ནས་ཨ་མེ་རི་ཁ་དང་། ཨུ་རུ་སུ། རྒྱ་གར་སོགས་རྒྱལ་ཁབ་དང་ཡོ་རོབ་གྲོས་ཚོགས་ལ་འཚམས་འདྲིར་བསྐྱོད་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་བོད་དུ་འཚམས་འདྲིར་ཕེབས་མཁན་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་འོག་མའི་གྲངས་ཉུང་ཏང་ཤོག་གི་གཙོ་འཛིན་དང་། པི་ལི་ཧྲིའི་གྲོས་ཚོགས་ཀྱི་གྲོས་དཔོན། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་གཞོན་པ་ཨང་དང་པོ། ནེ་པ་ལའི་སྲིད་གཞུང་གི་དབུ་འཛིན་སོགས་དང་བཞུགས་མོལ་བྱས་ཁར། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་པ་དང་མཇལ་འཕྲད་ཐེངས་མང་བྱས་ཡོད།
ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ཁྲོད་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དེ་བཞིན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་བཅས་ལ་ཕྱོགས་ཡོངས་ནས་འཆད་འགྲེལ་བྱས་པ་དང་། གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་སྒྲུང་གཏམ་ཡག་པོ་བཤད་པ། བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སྐད་སྒྲ་བཟང་པོ་སྒྲོག་སྤེལ་ཤུགས་ཆེ་བཅས་བྱས་པར་བརྟེན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་བྱེད་སྒོ་སྤེལ་རྒྱ་བཙིར་གནོན་ནུས་ལྡན་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གོང་འཕེལ་གྱི་འགྲོ་ལམ་ལ་རྒྱུས་མངའ་ལོན་ཤུགས་དང་མོས་སེམས་སྐྱེ་ཤུགས་ཆེ་རུ་སོང་ཡོད་ལ། ཀྲུང་དབྱང་དབུ་ཁྲིད་བློ་མཐུན་གྱིས་ཀྱང་གལ་ཆེའི་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ཁར། གདེང་འཇོག་ཀྱང་གང་ལེགས་གནང་ཡོད།
(བརྒྱད)བྱང་ཚད་མཐོར་གཏོང་དང་ནུས་པ་ཆེ་རུ་བཏང་བས་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ཡོད་ལ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ལའང་ཤུགས་བརྒྱབ་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་བ་དང་། རྩ་བའི་དམིགས་ཡུལ་ལག་ལེན་བསྟར་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་པ་གཙང་བ། འགན་འཁུར་ཐུབ་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟམ་མི་ཆད་པར་གཏིང་ཟབ་སྤེལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”དོན་འཁྱོལ་ནན་པོ་བྱས་ཁར། ཆེད་དོན་སྐོར་གཟིགས་ཀྱི་ལན་སྤྲོད་བསམ་འཆར་བཏོན་རིགས་ལེགས་བཅོས་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་བཏང་ནས། “སྤྱོད་ཚུལ་བཞིར”ངོ་རྒོལ་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་པ་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱའི་སྤྱོད་བཟང་གཞུང་དྲང་གི་རྣམ་པ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ཡོད། “བོད་ལྗོངས་མི་དམངས་འཐུས་ཚོགས་བཙུགས་ནས་ལོ་50འཁོར་བར”དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”གསར་གཏོད་དང་ཁྱབ་གདལ་གཏོང་བའི་ཉམས་མྱོང་སྤེལ་རེས་ཀྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་དང་། གྲོང་ཁྱེར(ས་གནས)དང་རྫོང(ཆུད)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་བཞུགས་མོལ་ཚོགས་འདུ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་བཅས་སྐོང་འཚོགས་བྱས་ཏེ། ལས་འགན་དང་བླང་བྱ་ཁག་གནད་སྨིན་དོན་འཁྱོལ་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྤྱི་ཡོངས་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། རིགས་གཞུང་སློབ་སྦྱོང་དང་། དོན་གྲོས་ཇུས་ཐག་གཅོད་པ། སྲིད་དོན་འཁོར་སྐྱོད་བྱེད་པ་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་83བཟོ་འབེབས་དང་འཐུས་ལེགས་སུ་བཏང་བས། དོན་གྲོས་ཀྱི་གོ་རིམ་ཚད་ལྡན་དང་ལས་ཕྱོད་ཆེ་རུ་སོང་ཡོད། འགན་སྒྲུབ་ཀྱི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཏང་ཙུའི་རིགས་གཞུང་སློབ་སྦྱོང་གི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་40ལྷག་ཙམ་སྐོང་འཚོགས་བྱས་པ་དང་། ཆེད་དོན་འཆད་འཁྲིད་དང“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གླེང་སྟེགས”ཐེངས་22གཉེར་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བར་བརྟེན། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱའི་ཆབ་སྲིད་ཀྱི་བྱང་ཚད་དང་འགན་སྒྲུབ་ཀྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད། མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་པར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ཞིང་། ལོ་ལྔའི་རིང་། ཆེད་དོན་སྦྱོང་བརྡར་འཛིན་གྲྭ་ཐེངས་13སྒྲིག་འཛུགས་བྱས་པར། མི་ཐེངས་1200ལྷག་ཙམ་སློབ་སྦྱོང་ནང་ཞུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དོན་གཅོད་ཐིང་གིས་གཉེར་བའི་སྦྱོང་བརྡར་འཛིན་གྲྭར་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་150ལྷག་ཙམ་ཞུགས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་རྒྱལ་ཕྱིའི་དུས་ཐུང་སྦྱོང་བརྡར་ནང་མི་6བདམས་གཏོང་བཅས་བྱས་པར་བརྟེན། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཡར་རྒྱས་ཆེན་པོ་བྱུང་ཡོད། སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་འཁུར་ཡུན་རིང་། གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ་བཅས་ས་གནས་ནས་གྲོང་ཁྱེར་དུ་སྒྱུར་རྒྱུ་ལམ་ལྷོངས་བྱུང་སྟེ་རང་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་ས་གནས་ཀྱི་རྒྱལ་ཁབ་དབང་ཆའི་ལས་ཁུངས་5བར་མང་དུ་སོང་བ་དང་། གསར་དུ་བཙུགས་པའི་ཆུད་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཁག་གོམ་སྟབས་བརྟན་པོའི་ངང་ལེགས་པའི་ཕྱོགས་སུ་སྤེལ་ཐུབ་ཁར། ནག་ཆུ་ས་གནས་ནས་གྲོང་ཁྱེར་དུ་སྒྱུར་རྒྱུའི་ལས་དོན་ལ་གོ་རིམ་ལྡན་པའི་སྐུལ་སྤེལ་བཏང་བས། རང་ལྗོངས་ཀྱི་ས་གནས་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུར་འཕུར་མཆོང་གསར་པ་མངོན་གྱུར་ཐུབ་ཡོད།
གྲུབ་འབྲས་འདི་དག་ཐོབ་པའི་ཆེས་རྩ་བར་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་ལས་བྱུང་བ་ཞིག་དང་། ཆེས་རྩ་བར་ཐུག་ས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་ཉིད་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྣེ་ཁྲིད་ཕྱོགས་སྟོན་གནང་བ་ལས་བྱུང་བ་ཞིག་ཡིན། འདི་ནི་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་ཁག དེ་བཞིན་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་བྱ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་གཡས་གཞོགས་གཡོན་འདེགས་བྱས་པའི་འབྲས་བུ་ཞིག་བཅས་ཡིན། མཚམས་འདིར། ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་དུས་མཚུངས། ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པར། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་དེ་དུས་རབས་གོང་འཕེལ་འགྲོ་བའི་བླང་བྱ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་བཅས་དང་བསྡུར་ན་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད། དེའང་། ཁྲིམས་བཟོའི་ཐོག་ནས་སྣེ་ཁྲིད་དང་སྐུལ་སྤེལ་གཏོང་བའི་ནུས་པ་ད་དུང་འདོན་སྤེལ་གང་ལེགས་ཐུབ་མེད་པའི་ཁར། ཁྲིམས་བཟོ་སྐབས་སྤྱི་དམངས་ཀྱིས་ཐེ་ཞུགས་བྱེད་པའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ལྟ་སྐུལ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ། གལ་ཆེའི་དོན་གནད་ཐག་གཅོད་བྱེད་དབང་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱོད་རྒྱུར་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཚོགས་འདུ་གྲོལ་རིང་གི་འཐུས་མིའི་བྱེད་སྒོ་སྔར་བཞིན་ཕུན་སུམ་ཚོགས་པོ་མེད་པ་དང་འཐུས་མིའི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པ། ཏང་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན། དེའི་ཐད། ང་ཚོས་ཚད་མཐོའི་མཐོང་ཆེན་དང་བྱ་ཐབས་ནུས་ལྡན་སྤྱད་ནས་ཐག་གཅོད་ནན་ཏན་བྱེད་དགོས།
འཐུས་མི་རྣམ་པ།
ལོ་ལྔའི་རིང་གི་འགན་སྒྲུབ་ཀྱི་ལག་ལེན་ཐོག་ནས་ང་ཚོར་ངོས་འཛིན་སྔར་བས་ཟབ་མོ་བྱུང་བ་ནི། དང་པོ། ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྱུབ་རྒྱུའི་རྩ་བའི་འགན་ལེན་ཞིག་ཡིན། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་བརྟེན་ནས་ཏང་གི་གཞི་རྩའི་རིགས་གཞུང་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་འགན་ལེན་དང་། ཏང་གི་འདོད་ཚུལ་དེ་ཉིད་ཁྲིམས་བཀོད་ཀྱི་གོ་རིམ་བརྒྱུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་བྱ་སྤྱོད་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས། གཉིས་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གཙོ་རྐང་གནས་བབ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྱུབ་རྒྱུའི་རྩ་བའི་ཚད་འཛིན་ཞིག་ཡིན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་སྟེ་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་དངོས་འབྲེལ་མི་དམངས་ཀྱི་ཁེ་ཕན་བསྐྲུན་རྒྱུའི་ཆེད་དུ་སྤྱོད་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཐོག་ནས་མི་རིགས་ཁག་གི་མི་དམངས་ལ་ཁྲིམས་བཞིན་ཁེ་དབང་དང་རང་དབང་རྒྱ་ཁྱབ་ངང་སྤྱོད་རྒྱུ་ཡོད་པའི་འགན་ལེན་གང་ཐུབ་བྱས་ནས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་རྒྱུ་དེ་བས་ཡག་པོ་བསྐོང་དགོས་པ་དང་། མིའི་ཕྱོགས་ཡོངས་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་དེ་བས་སྐུལ་འདེད་ཡག་པོ་གཏོང་དགོས་པ། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་བས་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཐུབ་པ་བྱེད་དགོས། གསུམ་པ། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྱུབ་རྒྱུའི་རྩ་བའི་བླང་བྱ་ཞིག་ཡིན། ངེས་པར་དུ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་ཐོག་ནས་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་ལྡན་པའི་སྐུལ་སྤེལ་གཏོང་རྒྱུར་དམ་པོར་དམིགས་ཏེ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་ཡིན་པ་དང་། གོང་འཕེལ་ནི་ལས་འགན་ཨང་དང་པོ་ཡིན་པ། དམངས་གཙོ་ནི་ཁྲིད་ཕྱོགས་ཨང་དང་པོ་ཡིན་པ། སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་ཡིན་པ་བཅས་སྟངས་འཛིན་ནན་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཐོག ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་འགན་ལེན་བྱེད་དགོས། བཞི་པ། ཐོག་མཐའ་བར་གསུམ་དུ་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་གལ་ཆེའི་ལས་འགན་ཞིག་ཡིན། ངེས་པར་དུ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུའི་གཞི་རྩའི་ཐབས་ཇུས་དང་བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུའི་གལ་ཆེའི་རྩ་དོན་ལག་བསྟར་བྱས་ཏེ། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་དམིགས་ནས་ཁྲིམས་བཟོའི་སྣེ་ཁྲིད་ཀྱི་སྐུལ་འདེད་ནུས་པ་དང་། ལྟ་སྐུལ་དང་གཏན་འབེབས། བསྐོ་འཐེན་བཅས་ཀྱི་སྐུལ་འདེད་ཀྱི་ནུས་པ་དེ་བས་འདོན་སྤེལ་བྱེད་རྒྱུ་དང་། དེ་བཞིན་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་བ་དང་། ཁྲིམས་ལག་བསྟར་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་རྒྱུར་སྐུལ་སྤེལ་ཟམ་མི་ཆད་པ་གཏོང་དགོས། ལྔ་པ། ཐོག་མཐའ་བར་གསུམ་དུ་མཐུན་སྦྱོར་མཉམ་འགུལ་གྱིས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ངེས་པར་དུ་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་རྒྱུ་དེ“བསམ་ཇུས་གཅིག”ཏུ་སྒྲིལ་རྒྱུ་རྒྱུན་འཁྱོངས་ཀྱིས་འགན་འཁྲི་ནན་ཏན་བསྒྲུབས་ཁར། གཟེར་འདེབས་སྙིང་སྟོབས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་དོན་འཁྱོལ་ཞིབ་ཚགས་བྱེད་དགོས་པ་དང་། ལས་ཀའི་ཐད་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཧྲིལ་པོའི་མཉམ་ཤུགས་ཤིག་ཆགས་གང་ཐུབ་བྱེད་དགོས།
གཉིས། ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་ཀའི་བསམ་གཞི།
ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པའི་བརྗིད་ཆེའི་འཆར་འགོད་ཀྱི་དཔེ་རིས་བཀོད་པས། མི་དམངས་རང་ཁྱིམ་རང་བདག་ཡོང་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་གལ་ཆེའི་གྲུབ་ཆར་བརྩིས་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ཁར། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་རྒྱུར་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས་ནས་དུས་བབ་གསར་པའི་འོག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འགན་འཁུར་རྒྱུའི་དུས་ཡུན་ལོ་ལྔ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་མཐའ་མའི་རྒྱལ་ཁ་ལེན་པའི་དུས་མཚམས་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འདྲེས་མཚམས་དུས་སུ་འཁེལ་བས་འོས་འགན་གྱིས་འགན་འཁྲི་འཁུར་རྒྱུ་རེ་འབོད་དང་འོས་འགན་གྱིས་མ་འོངས་པར་ཁྲིད་སྟོན་བྱེད་དགོས།
ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པ”སོགས་ཀྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་གཅིག་གྱུར་ནུས་ལྡན་ཡོང་བ་རྒྱུན་འཁྱོངས་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་བསྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་རྒྱུ་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་འགན་དབང་ཡང་དག་སྤྱད་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན།
སྤྱིའི་བླང་བྱ་ལག་བསྟར་བྱེད་པར་ངེས་པར་དུ་གཤམ་གསལ་ཕྱོགས་བཞིའི་ཐད་སྟངས་འཛིན་ནན་པོ་བྱེད་དགོས་པ་སྟེ།
——“སྲོག་ཤིང་གཅིག”ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་འཐུས་ཚོགས་ལས་ཀའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་དགའ་ཞེན་བྱེད་པའི་ངོ་གནོང་མི་དགོས་པའི་ཏང་གི་གཙོ་འཛིན་ཞིག་ཡིན། ངེས་པར་དུ་ཏང་གི་གཙོ་འཛིན་དང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱེད་དགོས་པ་དང་། སེམས་ཐག་ཆོད་པོས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་རྩ་བའི་བླང་བྱར་བརྩིས་ཏེ་བསམ་བློའི་ཐོག་ནས་ཚད་མཐོའི་མོས་པ་དང་། ཆབ་སྲིད་ཐོག་ནས་སེམས་ཐག་ཆོད་པོས་སྲུང་སྐྱོང་། རྩ་འཛུགས་ཐོག་ནས་རང་རྟོགས་ངང་དང་ལེན། བྱ་སྤྱོད་ཐོག་ནས་རྗེས་སུ་དམ་པོར་འབྲངས་བ་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་ཁྲོད་ཀྱི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་ཡོང་ཆེད་ལས་དོན་ཧུར་ཐག་སྒྲུབ་དགོས།
——“འགལ་བ་གཉིས”ལ་དམ་པོར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་འགན་ནུས་ཀྱི་ངེས་གནས་གསར་པ་སྟངས་འཛིན་ནན་པོ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་གསར་པ་བྱུང་ཡོད་ཀྱང་། རང་ལྗོངས་སུ་གནས་པའི་དམིགས་བསལ་གྱི་འགལ་བར་འགྱུར་བ་བྱུང་མེད། མཐའ་མཚམས་གོང་འཕེལ་མགྱོགས་སུ་གཏོང་རྒྱུ་སྟངས་འཛིན་བྱས་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་གཙོ་རྐང་འགན་ལེན་བྱེད་དགོས། འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བར་དམ་པོར་དམིགས་ཏེ་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་མཐའ་དག་གི་དམ་འཛིན་བྱེད་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་འགན་འཁྲི་ཁྲིམས་བཞིན་སྒྲུབ་པའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་རྒྱུ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་གཞི་རྩའི་བྱ་ཐབས་སུ་བརྩི་རྒྱུ་བཅས་མཐའ་འཁྱོངས་ཀྱིས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས། དེའང་། གཙོ་གནད་དུ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། མི་རིགས་ཆོས་ལུགས་ལས་དོན། སྤྱི་ཚོགས་དྲང་བཞག་བདེན་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གནད་འཕིགས་དབུལ་སྐྱོར་དབུལ་སྒྲོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་དོ་དམ། གོང་འཕེལ་གྱི་ཁོར་ཡུག་ལེགས་གཏོང་སོགས་ལ་དམིགས་ཏེ་ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་བརྗིད་ཆེའི་དམིགས་ཚད་ལ་ཁ་ཕྱོགས་ནས་མདུན་སྐྱོད་བྱེད་དགོས།
——“འགན་དབང་བཞི”ཕྱོགས་ཡོངས་ནས་སྤྱད་དེ་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཅད་འགན་འཁྲི་སྟངས་འཛིན་ནན་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་བསྐྱོད་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཡོ་འགུལ་སྤུ་ཙམ་མི་གཏོང་བར་རྒྱུན་འཁྱོངས་དང་དུས་བསྟུན་ཡར་རྒྱས་ཀྱི་སྒོ་ནས་འཐུས་སྒོ་ཚང་དུ་གཏོང་དགོས། གཅིག་ནས་ཁྲིམས་བཟོ་དབང་གང་ལེགས་སྤྱོད་དགོས་པ། ཁྲིམས་སྔོན་ལ་བཟོ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཟོའི་ལས་ཀའི་ཁྲོད་དུ་བཟུང་བའི་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྱུར་བཅོས་ཀྱི་ཐབས་ཇུས་དང་ཕན་ཚུན་འབྲེལ་མཐུད་ཐུབ་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཕན་ཚུན་ཚང་སྒྲིག་ཐུབ་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཕེལ་རིམ་དང་ཕན་ཚུན་འཚམ་ཐུབ་པ་བཅས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གང་མགྱོགས་བཟོ་འབེབས་བྱེད་དགོས། ཁྲིམས་བཟོའི་ཁྲིད་སྟོན་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གྱིས་ཁྲིམས་བཟོ་བ་དང་། དག་བཅོས་བྱེད་པ། མཁོ་མེད་དུ་གཏོང་བ། གསལ་འགྲེལ་བྱེད་པ་བཅས་མཉམ་སྤྱོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ། རིག་གནས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་པ་དང་། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་གཏོང་དགོས། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོའི་ཁྲིམས་བཟོ། ཁྲིམས་བཞིན་ཁྲིམས་བཟོ་བཅས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ་དང་། ཁྲིམས་སྲོལ་གྱི་དུས་བཀག་གཙང་བཤེར་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཟོའི་དམིགས་སའི་རང་བཞིན་དང་། དུས་ཐོག་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཤུགས་ཆེར་བཏང་ཐོག སྤུས་ཚད་མཐོ་བའི་ཁྲིམས་སྲོལ་དང་སྤྱོད་སྒོ་ཆོད་པའི་ཁྲིམས་སྲོལ་བཟོ་དགོས། གཉིས་ནས་ལྟ་སྐུལ་བྱེད་དབང་གང་ལེགས་སྤྱོད་དགོས་པ། ལྟ་སྐུལ་དང་རྒྱབ་སྐྱོར་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས་ཁྲིམས་བཅད་ཀྱི་ལྟ་སྐུལ་བྱ་ཡུལ་དེ་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་ཐོག་ནས་ཁྲིམས་བཅད་ཀྱི་ལྟ་སྐུལ་བྱེད་སྟངས་སྤྱད་དེ་རང་ལྗོངས་ཀྱི་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གཙོ་བོའི་གནད་དོན་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གནད་དོན། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་བཅས་དམ་འཛིན་ནན་པོ་བྱས་ཏེ་རྣག་ཐོག་གཙག་འཁེལ་གྱིས་དོན་འཁྱོལ་མཐར་ཕྱིན་པ་བྱས་ཐོག ལས་དོན་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་གཞག་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་དང་། ཆེད་དོན་ལས་ཀའི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ། སྔོན་རྩིས་དང་ངེས་རྩིས་ཀྱི་ཞིབ་བཤེར་དང་རྩིས་བཤེར་ལ་ལྟ་སྐུལ་བྱེད་རྒྱུ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུ་སོགས་འཆར་ཅན་རང་བཞིན་གྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་ལེགས་བཅོས་བྱེད་དགོས། ཆེད་དོན་གྱི་འདྲི་རྩད་དང་ལྟ་སྐུལ་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་ནས་ལས་དོན་སྤེལ་ཕྱོགས་ཐད་དཔྱད་གླེང་བྱེད་རྒྱུ་འཚོལ་ཞིབ་དང་། ལྟ་སྐུལ་གྱི་གོ་རིམ་དང་བྱེད་སྟངས་ཚད་ལྡན་ནན་པོ་བཟོས་ཏེ། ལས་དོན་སྤེལ་ཕྱོགས་ཀྱི་དམིགས་སའི་རང་བཞིན་ལ་དོ་སྣང་དང་། གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་རང་བཞིན་ལ་སྐུལ་སྤེལ་གཏོང་རྒྱུར་དམ་འཛིན་བྱེད་དགོས། གསུམ་ནས་གཏན་འབེབས་བྱེད་དབང་གང་ལེགས་སྤྱོད་དགོས་པ། མི་དམངས་འཐུས་ཚོགས་ཀྱིས་གལ་ཆེའི་དོན་གནད་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གལ་ཆེའི་དོན་གནད་ཀྱི་ཁྱབ་ཁོངས་དང་། གོ་རིམ། དེ་བཞིན་ལས་ཀའི་བླང་བྱ་བཅས་སྔར་བས་ཁ་གསལ་བཟོ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གལ་ཆེའི་ཐབས་ཇུས་བཟོ་འདོན་མ་བྱས་གོང་དུ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་སྙན་ཞུ་འབུལ་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ། ནོར་སྲིད་ཀྱི་སྔོན་རྩིས་དང་ངེས་རྩིས་ལག་བསྟར་དང་ལེགས་སྒྲིག་བྱེད་རྒྱུ། ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུ། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱེད་རྒྱུ་སོགས་ཐད་ཀྱི་གལ་ཆེའི་དོན་གནད་ལ་ཁྲིམས་བཞིན་གྲོས་ཆོད་དང་གཏན་འབེབས་བྱས་ཏེ། ལྟ་སྐུལ་གྱི་ཕན་ནུས་ཐོན་རྒྱུར་ཤུགས་སྣོན་རྒྱག་དགོས། བཞི་ནས་བསྐོ་འཐེན་བྱེད་དབང་གང་ལེགས་སྤྱོད་དགོས་པ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་འདེམས་བསྐོ་དང་བསྐོ་འཐེན་བྱེད་དབང་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་མི་སྣ་ཁག་ཁྲིམས་བཅད་ཀྱི་གོ་རིམ་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པར་འགྱུར་ཐུབ་པ་བྱེད་དགོས།
—— ཐོག་མཐའ་བར་གསུམ་དུ“ཉམས་སད་ཐེག་ཐུབ་པ་ལྔ”བྱེད་ཐུབ་པ་བྱས་ཏེ་དུས་རབས་གསར་པས་འགན་སྒྲུབ་ནུས་པ་ཤུགས་ཆེར་གཏོང་རྒྱུའི་ཐད་བཏོན་པའི་བླང་བྱ་གསར་པ་སྟངས་འཛིན་ནན་པོ་བྱེད་དགོས་པ། དད་སེམས་དང་། ཆབ་སྲིད། འགན་འཁྲི། ནུས་པ། སྤྱོད་ཚུལ་བཅས་ཀྱི་ཐད་ཉམས་སད་ཐེག་ཐུབ་པ་བྱེད་རྒྱུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་འདི་ཉིད་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་ཤིག་ཏུ་འགྱུར་བ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཚོགས་འདུའི་ལམ་ལུགས་ལེགས་བཅོས་དང་ཚད་ལྡན་བཟོ་བ། དོན་གྲོས་དང་ཇུས་ཐག་གཅོད་པའི་གོ་རིམ་ཚགས་ཚུད་དུ་གཏོང་བ། ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་འགན་སྒྲུབ་ཁྱད་ཆོས་དང་འཚམ་ཞིང་དུས་རབས་གསར་པའི་གོང་འཕེལ་གྱི་དགོས་མཁོ་དང་འཚམ་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདི་ཉིད་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་ཐུབ་པའི་དོན་བྱེད་ལས་ཁུངས་ཤིག་ཏུ་འགྱུར་བ་བྱེད་དགོས། ཀྲུང་དབྱང་གི་ཡིག་ཨང་18པ་དང་། ལྗོངས་ཏང་ཨུད་ཀྱི་ཡིག་ཨང་7པ་དང་9པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རྨང་གཞི་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འཐུས་མིའི་བསམ་བློ་དང་། ཆབ་སྲིད། སྤྱོད་ཚུལ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཐུས་མིའི་འགན་སྒྲུབ་ཀྱི་ཞབས་ཞུའི་འགན་སྲུང་ལམ་སྲོལ་ཚགས་ཚུད་དུ་གཏོང་བ། འཐུས་མིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཟབ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”གི་བྱེད་སྒོ་ཚད་ལྡན་ཅན་དང་རྒྱུན་གཏན་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འཐུས་མིར་འབྲེལ་གཏུག་བྱེད་པ་དང་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི“འབྲེལ་གཏུག་གཉིས”ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་ཀྱི་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། གསལ་ཞུ་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ལ་འགན་སྲུང་ཐུབ་པ་བྱས་ནས་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདི་ཉིད་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འཐུས་ཚབ་ལས་ཁུངས་ཤིག་ཏུ་འགྱུར་བ་བྱེད་དགོས།
གསུམ། འདི་ལོའི་ལས་དོན་གྱི་གྲོས་འཆར།
2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཞིན་འགན་སྒྲུབ་བྱེད་འགོ་ཚུགས་པའི་ལོ་དང་པོ་དེའང་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། དེར་བརྟེན། ང་ཚོས་གྲོས་འཆར་འདོན་རྒྱུ་སྟེ།
དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཏན་ཏིག་བྱེད་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སྲོག་ཤིང་གི་སྙིང་དོན་དང་གསར་གཏོད་ཀྱི་ལྟ་བ་ཁོང་དུ་ཆུད་པ་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་དོན་སྙིང་དང་། ལོ་རྒྱུས་ཀྱི་དོན་སྙིང་། རིགས་གཞུང་གི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་ཁོང་དུ་ཆུད་པ་བྱས་ཁར། མཐའ་གསལ་མཐིལ་རྟོགས་ཐུབ་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་དང་། གཏིང་ཟབ་པ། ཆ་ཚང་བ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་གལ་ཆེའི་དགོངས་པ་དང་། གལ་ཆེའི་ལྟ་བ། གལ་ཆེའི་ཆོད་གཏམ། གལ་ཆེའི་བྱ་ཐབས་བཅས་སྟངས་འཛིན་ནན་པོ་བྱེད་དགོས་ཤིང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱའི་བསམ་བློ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཁར། སྟོབས་ཤུགས་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་ལས་འགན་ཁག་གི་ཐོག་གཅིག་སྒྲིལ་ཐུབ་པ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལེགས་པའི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
གཉིས་པ། རྩ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱེད་དགོས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་སྤྱིའི་བླང་བྱ་དང་། རྩ་དོན། ནང་དོན་བཅས་སྟངས་འཛིན་ཡང་དག་བྱེད་པ། བོད་དུ་ཡོད་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་བཟོ་བཅོས་ཡག་པོ་རྒྱག་རྒྱུའི་ཐད་འདོན་དགོས་པའི་ནུས་པ་བཏོན་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལས་ཁུངས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་སྲུང་བརྩི། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྩ་ཁྲིམས་ལྷག་བསམ་རྣམ་དག་ངང་གོང་དུ་བཀུར་མཁན་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་མཁན་བཅས་བྱེད་དགོས། འདེམས་བསྐོ་དང་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་རྩ་ཁྲིམས་ལ་དམ་འཇོག་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱས་ཏེ་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྩ་ཁྲིམས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་ལྟ་བ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་ཡོང་རྒྱུ་སྲུང་སྐྱོང་ཏན་ཏིག་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་འཕྲོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས།
གསུམ་པ། ས་གནས་ཀྱི་ཁྲིམས་བཟོའི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་པ། ཏང་གིས་ཁྲིམས་བཟོའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་བཟོའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ཞིབ་འཇུག་དང་བཟོ་འབེབས་བྱེད་རྒྱུར་དམ་འཛིན་བྱས་ནས་སྐབས་ཐོག་ཏུ་ཁྲིམས་བཟོའི་ལས་དོན་གྱི་ཚོགས་འདུ་འཚོགས་ཏེ་ཁྲིམས་བཟོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་དགོས། གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལོ་འཁོར་ཁྲིམས་བཟོའི་འཆར་གཞིའི་ནང་བཅུག་པའི་ཁྲིམས་སྲོལ་ཁག་ལ་དུས་ཐོག་ཏུ་གྲོས་ཞིབ་བྱེད་རྒྱུར་འགན་ལེན་བྱེད་དགོས་པ། ཁྲིམས་བཟོའི་དམངས་གཙོ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྲོལ་འཆར་ཟིན་ལ་ཐོག་མའི་གྲོས་ཞིབ་བྱས་རྗེས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་སུ་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། ཁེ་ཕན་གྱི་འབྲེལ་བ་རྙོག་་འཛིང་ཆེ་བ་དང་ཆེད་ལས་ཀྱི་རང་བཞིན་ཤུགས་ཆེ་བའི་འབྲེལ་ཡོད་ཁྲིམས་སྲོལ་གྱི་འཆར་ཟིན་ལ་ཞིབ་འཇུག་དང་རིགས་སྒྲུབ་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ། ཁྲིམས་བཟོའི་གྲོས་མོལ་ནན་ཏན་བྱས་ནས་གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་ལམ་ལུགས་འཛུགས་དགོས། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ཆོས་གཟེངས་སུ་ཐོན་པ་བྱེད་དགོས་ལ། ལག་ལེན་བསྟར་འཐུས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་རུ་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་བཟོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་བཟོའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་ཧུར་ཐག་བྱེད་དགོས།
བཞི་པ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་སྤེལ་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་པ། སྤུས་ཚད་མཐོ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་ཤང་གྲོང་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་དམིགས་ཏེ། བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་བྱེད་པ་དང་། ཡང་དག་ལྟ་སྐུལ་དང་ནུས་ལྡན་ལྟ་སྐུལ་བྱས་ཏེ་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་། ཡོངས་བསྒྲགས་རང་བཞིན། དངོས་ཕན་རང་བཞིན་བཅས་སྔར་བས་ཤུགས་ཆེར་གཏོང་དགོས། དབུལ་སྒྲོལ་་འགག་སྒྲོལ་དང་། མཐའ་མཚམས་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྩ་གནད་ལག་བསྟར་བྱེད་པའི་དུས་དཀྱིལ་གྱི་ཚོད་སྐོར། གཞུང་ཁོངས་རྒྱུ་ནོར་དོ་དམ་སོགས་ཀྱི་ཆེད་དོན་ལས་ཀའི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུར་བཀོད་སྒྲིག་བྱས་ཏེ། འཐུས་མིའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས། ཆེད་དོན་འདྲི་རྩད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོས་ཞིབ་བསམ་འཆར་གྱི་ཕན་ནུས་འདྲི་རྩད་ལ་རྗེས་འདེད་གཏོང་ལམ་དོན་འཁྱོལ་བྱས་ཏེ། ལས་དོན་སྤེལ་ཚུལ་ལ་དཔྱད་གླེང་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔོན་རྩིས་དྲ་སྦྲེལ་གྱི་ལྟ་སྐུལ་བྱེད་པའི་མ་ལག་འཛུགས་རྒྱུ་མ་ཟད། སྤྱོད་འགོ་ཚུགས་རྒྱུར་སྐུལ་སྤེལ་བཏང་ནས་སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་དགོས།
ལྔ་པ། གལ་ཆེའི་དོན་གནད་ཀྱི་གཏན་འབེབས་དང་བསྐོ་འཐེན་ལས་ཀ་ཏན་ཏིག་ཡག་པོ་སྒྲུབ་དགོས་པ། མི་དམངས་འཐུས་ཚོགས་ཀྱིས་གལ་ཆེའི་དོན་གནད་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་བྱས་ཏེ། དོན་འཁྱོལ་བྱེད་རྒྱུའི་ལག་བསྟར་བསམ་འཆར་བཟོ་བཅོས་དང་། འཐུས་ལེགས་སུ་གཏོང་རྒྱུར་དོ་ཏན་བྱེད་དགོས་པ་དང་། གལ་ཆེའི་དོན་གནད་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་པའི་འབྲེལ་ཡོད་ཁྲིམས་སྲོལ་ལ་དག་བཅོས་བྱེད་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་གལ་ཆེའི་དོན་གནད་ལ་གྲོས་བསྡུར་དང་གཏན་འབེབས་བྱེད་རྒྱུའི་ལོ་འཁོར་ལས་དོན་གྱི་འཆར་གཞི་བཟོ་དགོས་པ་མ་ཟད། བསྒྱུར་འཕེལ་བརྟན་གསུམ་གྱི་གལ་ཆེའི་གནད་དོན་དང་གལ་ཆེའི་དོན་གནད་ལ་སྐབས་ཐོག་ཏུ་གྲོས་ཆོད་དང་གཏན་འབེབས་བཟོ་དགོས། གོ་རིམ་གཞིར་བཟུང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་ཁྲིམས་བཞིན་བསྐོ་འཐེན་ནན་པོ་བྱེད་དགོས་པ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ཀྱི་ལག་བསྟར་བྱ་ཐབས་བཟོ་བཅོས་དང་ཚགས་ཚུད་དུ་གཏོང་དགོས།
དྲུག་པ། འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་ཞབས་ཞུ་དང་འགན་སྲུང་ཏན་ཏིག་བྱེད་དགོས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གསར་འདེམས་འཐུས་མིར་སྦྱོང་བརྡར་སྤྲོས་རྒྱུ་དང་འགན་སྒྲུབ་སྦྱོང་བརྡར་སྤྲོས་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱེད་རྒྱུ་མ་ཟད། ཐབས་ལམ་མང་པོའི་ཐོག་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་རིང་འཐུས་མིས་བཏོན་པའི་གྲོས་གཞི་དང་གྲོས་འཆར་གཉེར་སྒྲུབ་ནན་ཏན་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་ཀར་འཐུས་མི་ཐེ་ཞུགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་འཐུས་མིས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་རྟོགས་ཐུབ་རྒྱུའི་སྤུས་ལེགས་ཀྱི་ཞབས་ཞུ་ཧུར་ཐག་སྒྲུབ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཞི་རིམ་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཐད་ཀར་འབྲེལ་གཏུག་བྱེད་རྒྱུའི་ལས་དོན་ཇུས་གཞི་བཟོ་འབེབས་བྱས་ནས་ལག་བསྟར་སྒྲིག་འཛུགས་ནན་ཏན་བྱེད་དགོས་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། འཐུས་མི་སྒྲིག་འཛུགས་ཀྱིས་ཆེད་དོན་བརྟག་ཞིབ་དང་གཅིག་སྡུད་དུ་རྟོག་ཞིབ་བྱེད་རྒྱུ་ཟུང་སྦྲེལ་བྱས་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”དང“འཐུས་མིའི་ཚོགས་ཆུང་གི་བྱེད་སྒོ་ཁང”གི་བྱེད་སྒོའི་ནང་དོན་དང་བྱེད་སྒོ་སྤེལ་སྟངས་ཕུན་སུམ་ཚོགས་སུ་བཏང་ནས་འཐུས་མིའི་བྱེད་སྒོ་སྤེལ་བའི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས། འཐུས་མིའི་འགན་སྒྲུབ་ཀྱི་ཡིག་ཚགས་བཟོས་ཏེ་འཐུས་མིས་འགན་འཁྲི་དང་ཞབས་ཞུ་བསྒྲུབ་རྒྱུའི་ཆ་འཕྲིན་གྱི་ལས་སྟེགས་གྲབས་འཛུགས་བྱེད་དགོས།
བདུན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་འཁྲི་ཨང་དང་པོ་དང་མ་སྒྲུབ་ཀ་མེད་ཀྱི་ལས་འགན་ཞིག་ལ་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཡོན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཁྱད་དུ་འཕགས་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས། བོད་འབྲེལ་ཕྱི་དོན་སྐོར་གྱི་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་དྲང་ཕྱོགས་ཐོག་ནས་བོད་ལྗོངས་དྲིལ་བསྒྲགས་བྱེད་རྒྱུ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་རྒྱུའི་གཙོ་གནད་ཀྱི་ལས་འགན་ཆེན་པོ་གཉིས་མངོན་ཆེར་བཟུང་ནས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཕྱི་རྒྱལ་དུ་འཚམས་འདྲིར་བསྐྱོད་རྒྱུ་དང་འཚམས་འདྲིར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ལས་དོན་ཏན་ཏིག་ཡག་པོ་སྤེལ་ཐོག མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་པའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
བརྒྱད་པ། རང་ངོས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས་པ་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། ཏང་ཙུའི་རིགས་གཞུང་སློབ་སྦྱོང་གི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གླེང་སྟེགས”དང་ཆེད་དོན་འཆད་ཁྲིད་ཡག་པོ་གཉེར་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱས་ཁྲིམས་བཞིན་འགན་སྒྲུབ་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གཙོ་རྐང་གི་འགན་འཁྲི་ཏན་ཏིག་འཁུར་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རུལ་འགོག་འགྱུར་ཟོན་བྱེད་རགས་བརྟན་དུ་གཏོང་དགོས། “སྤྱོད་ཚུལ་བཞི”ཡོ་བསྲང་ལྷོད་མེད་བྱས་ཏེ་རང་འགུལ་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། སྤྱོད་ཚུལ་ལེགས་བཅོས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་དང་དཀའ་ངལ་ཆེ་བའི་ས་ཁུལ་དུ་བརྟག་ཞིབ་གཏིང་ཟབ་བྱེད་དགོས། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས་བྱེད་པའི་ལས་དོན་སྤེལ་ཕྱོགས་ལེགས་བཅོས་བྱེད་དགོས། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མཉམ་སྡེབ་ཀྱི་ཇུས་འདོན་ལས་རོགས་དང་ཞབས་ཞུ་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ལས་ཀའི་འབྲེལ་ལམ་ཟབ་ཏུ་གཏོང་བ་དང་ལས་ཀར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུ་དང་འཛུགས་སྐྱོང་བྱེད་རྒྱུར་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བའི་སྐས་རིམ་གསར་པ་ཞིག་དང་ཆུ་ཚད་གསར་པ་ཞིག་གི་ཐོག་སླེབས་པ་བྱེད་དགོས།
འཐུས་མི་རྣམ་པ།
དུས་རབས་གསར་པ་དང་འགན་འཁྲི་གསར་པས་མི་སེམས་ལ་སྐུལ་མ་ཐེབས་ཤིང་། དམིགས་ཚད་གསར་པ་དང་བླང་བྱ་གསར་པས་མི་རྣམས་ལ་ཡར་སྐུལ་བྱེད་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་རྒྱུ་དང་། འབད་འབུངས་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བོད་ལྗོངས་ཀྱི་ལེའུ་ཡག་པོ་བརྩམ་རྒྱུར་འབད་འཐབ་ཧུར་ཐག་བྱེད་དགོས། (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)
འགན་འཁུར་རྩོམ་སྒྲིག་པ། 尼玛次仁
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣