ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་གྱི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་རྒུ་རུམ་ཤང་གི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་སྐོར་དང་རྟོག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཆི་མེད་རིག་འཛིན་དང་ཅི་གོ་ཀང་བཅས་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།
སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་སྤོས་པའི་ཉི་མ་རྫོང་རུང་མ་ཤང་གི་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ས་ཚིགས་དེ་རྒྱལ་ལམ་109ཡི་གམ་དུ་ཡོད་པ་དང་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དང་བར་ཐག་སྤྱི་ལེ་27ལས་མེད་པས་ཁོར་ཡུག་སྐྱིད་ལ་འགྲིམ་འགྲུལ་སྟབས་བདེ་བ་དང་།
བཟོ་ལྟ་མི་འདྲ་བ་ལྔ་ཡི་བཀོད་སྒྲིག་ཁང་པ་ཚང་མ་ཨར་འདམ་ལྕགས་རྩིབ་མ་ཡིན་པས་ས་ཡོམ་རིམ་པ་8འགོག་ཐུབ་པ་མ་ཟད། གྲོང་ཚོ་ཨུ་ལྷན་དང་། ལས་ཤག བུ་བཅོལ་ཁང་སོགས་ཀྱང་བཀོད་སྒྲིག་བྱས་ཡོད། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བཙོན་བྱས་པ་བརྒྱུད། མིག་སྔར་རྣམ་གྲངས་ཀྱི་ཨར་སྐྲུན་གྲུབ་ཆ་གཙོ་བོ་དང་། ས་འོག་མདོང་ལམ། ལམ་གཞི། ཁང་པའི་ཕྱི་ནང་གི་མཛེས་བཀོད་བཅས་ཚང་མ་ལེགས་གྲུབ་ཟིན་པ་རེད།
ནག་ཆུ་ནས་ཕེབས་པའི་འཐུས་མི་དང་ཨུ་ཡོན་ཚོས་ངོ་སྤྲོད་གནས་ཚུལ་གསན་ཞོར་ལག་ཐོགས་ཁ་པར་གྱིས་པར་བརྒྱབ་པ་དང་བརྙན་ཕབ་བྱས་ཏེ་བསྔགས་བརྗོད་ཡང་ཡང་གནང་ནས་ཐུགས་ཡིད་ཚིམ་ལུགས་མཚོན་པར་གནང་བ་རེད། འཐུས་མི་དང་ཨུ་ཡོན་ཚོས་ས་བབ་མཐོ་བའི་ས་ཁུལ་གྱི་རང་བྱུང་ཁོར་ཡུག་ཞན་པས་དེ་གར་འཚོ་གནས་བྱེད་མཁན་མང་ཚོགས་གང་མགྱོགས་དེ་ནས་སྤོས་ཏེ་འགྲིམ་འགྲུལ་སྟབས་བདེ་ལ་རང་བྱུང་ཁོར་ཡུག་བལྟོས་བཅས་ཀྱིས་ཡག་པའི་ཁུལ་ཁོངས་སུ་གཅིག་སྡུད་གནས་སྡོད་བྱེད་དུ་བཅུག་ཚེ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་འགྲོ་རྒྱུ་ཡིན་ལ་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་འཇོན་ཐང་ཡང་མངོན་གསལ་དོད་པོས་ཆེ་རུ་འགྲོ་སྲིད་ཅེས་ཚོར་སྣང་ཟབ་མོ་དང་བཅས་ཏེ་གསུངས་པ་དང་། ཚང་མས་གནས་སྤོ་བྱ་ཡུལ་འཛུགས་སྐྲུན་ཉམས་དོད་པོ་འདི་འདྲ་བྱུང་བ་དང་སྒྲིག་བཀོད་ཀྱང་འདི་ལྟ་བུའི་ཆ་ལག་ཚང་པོ་འདུག ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཤིན་ཏུ་ཡག་པོ་འདི་འདྲ་ཡོད་དུས། ཕར་ལོག་རྗེས་ཡུལ་མི་སྤུན་མཆེད་ཚོར་དྲིལ་བསྒྲགས་ཡག་པོ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ་དང་གནས་སྤོ་བྱ་ཡུལ་གྱི་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་གནས་སྤོའི་ལས་དོན་ལ་ཧུར་ཐག་ཞུགས་སུ་འཇུག་རྒྱུ་ཡིན་ཞེས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་གསུངས།
རྟོག་ཞིབ་གནང་རིང་། ཆེ་དགྲ་ལྷས་འཐུས་མི་དང་ཨུ་ཡོན་ཚོས་དགོངས་འཆར་དང་གྲོས་འགོ་དེ་བས་ཡག་པ་དང་དེ་བས་མང་བ་བཏོན་ཏེ་ནུས་ཤུགས་གཅིག་སྒྲིལ་གྱིས་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས“ཕྱོགས་གཅིག་གི་ས་ཆུ་ཁོ་ནས་ཕྱོགས་གཅིག་གི་མི་གསོ་མི་ཐུབ”པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུའི་ཐུགས་རེ་བཅངས་པ་རེད། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་ཞིབ་ཚགས་ངང་སྒྲུབ་པ། མང་ཚོགས་དང་དཔལ་འབྱོར་གྱི་རྩིས་དང་། ཡོང་འབབ་ཀྱི་རྩིས། ཕུགས་ཕན་གྱི་རྩིས་བཅས་ཡག་པོ་རྒྱག་པ་བཅས་བྱས་ཏེ་མང་ཚོགས་རྣམས་དེ་བས་བདེ་ཞིང་སྐྱིད་ལ་འཚོ་སྡོད་དང་འཚམ་པའི་ས་ཆར་སྡོད་རྒྱུ་དང་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་རྣམ་གྲངས་ཇུས་འགོད་བྱས་ཏེ་འབྲི་གཡག་དང་ལུག་སོགས་དེང་རབས་སྒྲིག་བཀོད་ཀྱི་འབྲོག་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། “ས་གྲོལ་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གནས་སྤོའི་མང་ཚོགས་རྣམས་ལ་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་སྐྱེལ་རོགས་བྱེད་དགོས་ཞེས་གསུངས།