ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་2017ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲིར་ལྟ་བསྡུར་བྱེད་པ། བསམ་བློ་དང་དོན་དངོས་ལས་དོན་ཟུང་འབྲེལ་བྱེད་པ། ཏང་གཤིས་དབྱེ་ཞིབ་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་2016ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་དང་ཏང་ཙུའི་ཚན་ཁག་དང་དེའི་ཁོངས་མིས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་རེད།
དེ་རྗེས་བློ་བཟང་རྒྱལ་མཚན་གྱིས་སྣེ་ཁྲིད་དེ་སོ་སོ་རང་ཉིད་ལ་ལྟ་བསྡུར་ཞིབ་བཤེར་གནང་སྟེ་རང་སྐྱོན་རང་བརྗོད་དང་ཏང་ཙུའི་ཚན་ཁག་གི་ཁོངས་མིའི་སྐྱོན་བརྗོད་རང་འགུལ་ངང་དང་ལེན་ཞུས་པ་རེད། ཏང་ཙུའི་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་བྱས་ཏེ་འགན་འཁྲི་ནན་ཏན་འཁུར་བའི་སྒོ་ནས་སྐྱོན་བརྗོད་གནང་བ་རེད།
ཕྱོགས་སྡོམ་གསུང་བཤད་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས་དུས་རབས་གསར་པར་འགན་འཁྲི་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཡོད་པས། ངེས་པར་དུ་རྣམ་པ་གསར་པ་དང་། སྣང་ཚུལ་གསར་པ། བྱ་སྤྱོད་གསར་པ་བཅས་ཡོད་དགོས། ད་རེས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འདི་འགོ་འཛུགས་ས་གསར་པར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྔར་བས་རང་འགུལ་ངང་མིག་བལྟོས་དང་ཏང་ཀྲུང་དབྱང་ལ་མིག་བལྟོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན། “འཇོན་ཐང་བརྒྱད”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དད་སེམས་ཉམས་སད་ཐེག་པ་དང་། ཆབ་སྲིད་ཉམས་སད་ཐེག་པ། འགན་འཁྲི་ཉམས་སད་ཐེག་པ། འཇོན་ཐང་ཉམས་སད་ཐེག་པ། སྤྱོད་ཚུལ་ཉམས་སད་ཐེག་པ་བཅས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་མཉམ་སྡེབ་ཅིག་ཧུར་ཐག་བཏོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་དང་རྩ་བ་བརྟན་ཚུགས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
གཅིག་ནས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་སྣེ་ཁྲིད་ཡག་པོ་བྱེད་པ་དང་མིག་དཔེ་ཡག་པོ་སྟོན་དགོས།
གཉིས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་གཙོ་འཛིན་དང་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་སྣེ་ཁྲིད་ཡག་པོ་དང་མིག་དཔེ་ཡག་པོ་སྟོན་དགོས།
གསུམ་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་ཏང་གི་ཐབས་ཇུས་བཀོད་སྒྲིག་རྩ་བ་བརྟན་ཚུགས་དང་མི་དམངས་འཐུས་ཚོགས་ལས་དོན་འཐུས་སྒོ་ཚང་དུ་གཏོང་བར་སྣེ་ཁྲིད་ཡག་པོ་དང་མིག་དཔེ་ཡག་པོ་སྟོན་དགོས།
བཞི་ནས་སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཡག་པོ་སྒྲུབ་པ་དང་གོམས་སྲོལ་ཡག་པོ་འཛུགས་རྒྱུར་སྣེ་ཁྲིད་ཡག་པོ་དང་མིག་དཔེ་ཡག་པོ་སྟོན་དགོས།
ལྔ་ནས་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱས་ཏེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་དང་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་སྣེ་ཁྲིད་ཡག་པོ་དང་མིག་དཔེ་ཡག་པོ་སྟོན་དགོས།