ཟླ་1ཚེས་31ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུའེ་ཁྲེང་ཚང་བཅས་དང་དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ལེང་ཀང་གིས་འབྲེལ་ཡོད་མི་དོན་བཀོད་སྒྲིག་གི་དོན་ཚན་གསལ་བཤད་གནང་བ་རེད། ཚོགས་འདུའི་ཐོག་སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་དང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་བསྐོ་གཞག་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་དང་དེ་བཞིན་ས་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་བསྐོ་གཞག་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་བསྐོ་གཞག་དོན་ཚན་གཞན་དག་ལ་གྲོས་འཆམ་བྱུང་བ་དང་འབྲེལ་བསྐོ་གཞག་ཡི་གེ་སྤྲད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ལོ་ཞིག་ཡིན་ལ། སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་ཡིན། འདི་ལོའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། སྐབས་གསར་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུའི་ཁོངས་མི་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣས་དུས་རབས་ཀྱི་བླང་བྱར་དམ་པོར་དམིགས་ཏེ། བློ་གཅིག་སེམས་གཅིག་ངང་ལས་གནས་གསར་པར་ཞུགས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་སྟེ།
གཅིག་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམངས་གཙོ་ཁྲིམས་སྐྱོང་སྐོར་གྱི་དགོངས་པ་གསར་པ་དང་། ཆོད་སྡོམ་གསར་པ། བླང་བྱ་གསར་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ“འཇོན་ཐང་བརྒྱད”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང“ཉམས་སད་ཐེག་ཐུབ་པ་ལྔ”བྱེད་ཐུབ་པ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་གསུམ་བཅས་དང་དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་ཆེད་ལས་ཤེས་བྱ་ཁོང་དུ་ནུས་ལྡན་ཆུད་པར་བྱས་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་།
གཉིས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཆབ་སྲིད་རང་བཞིན་དང་། བཅའ་ཁྲིམས་རང་བཞིན། གོ་རིམ་རང་བཞིན་བཅས་ཆེན་པོ་ཡོད་ལ་ལས་ཀའི་ཆེད་ལས་རང་བཞིན་ཡང་ཆེན་པོ་ཡོད། དེས་ན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་དང་གཅིག་སྡུད་ཐོག་འགན་དབང་ལག་བསྟར་བྱེད་པ་དང་། ཀྲུའུ་རེན་གྱི་ཚོགས་འདུའི་གྲུབ་ཆའི་མི་སྣ་དང་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣས་འགན་འཁྲིའི་ངེས་གནས་གནད་ལ་འཁེལ་པོས་འཚོལ་བ། འགན་འཁྲི་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱིས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་ཞབས་འདེགས་ཞུ་བའི་འབྲེལ་གནས་དང་འཇུག་གཞི་གནད་ལ་འཁེལ་པོས་འཚོལ་བ། རྒྱུན་འཛིན་དང་འཕེལ་རྒྱས་དང་གསར་གཏོད་དང་བདེན་འཚོལ་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་ལས་གནས་ཀྱི་བླང་བྱ་དང་དེ་བས་ལེགས་པའི་ངང་འཚམ་པ་བྱེད་དགོས་པ།
གསུམ་ནས་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་འགག་གནད་དང་དེ་བཞིན་ལོ་འཁོར་མོའི་ཁྲིམས་འཛུགས་དང་། ལྟ་སྐུལ། དོན་ཚན་གལ་ཆེན་དང་འཐུས་མི་གཏན་འཁེལ་སོགས་ཀྱི་ལས་ཀའི་འཆར་གཞི་འགོད་པ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། ལས་དོན་དམིགས་སར་འབྱོར་རྒྱུར་དམ་འཛིན་ནན་པོ་བྱེད་པ། སྤུས་ཚད་དང་གྲུབ་འབྲས་ཐོན་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་འགན་སྒྲུབ་ཚད་ལྡན་ཅན་དང་། ལས་དོན་ཚན་རིག་ཅན། དོ་དམ་ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པ།
བཞི་ནས་ཕྱོགས་ཁག་གི་སྟོབས་ཤུགས་ཕྱོགས་ཡོངས་ནས་གཅིག་འདོམས་བྱེད་དགོས། “སྲིད་གཞུང་གཅིག་དང་ཁང་གཉིས”དང་ལས་ཀའི་འབྲེལ་བ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་དང་རྫོང(ཆུས)ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་ཚོགས་ས་ཁུལ་ཁག་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་དོན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ཧྲིལ་པོའི་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པ་དང་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་རེད།