ཟླ་1ཚེས་31ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུའེ་ཁྲེང་ཚང་། དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག་བསྐོ་གཞག་དོན་ཚན་ལ་ཞིབ་བཤེར་གནང་བ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་ལས་རིམ་བཀོད་སྒྲིག་སྐོར་ཞིབ་འཇུག་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་གསར་དུ་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྣམས་ལ་དགའ་བསུ་ཞུས་པ་དང་འགན་གནས་དང་བྲལ་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དེ་བཞིན་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་བློ་མཐུན་ཚོར་གུས་འདུད་ཞུས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གསར་དུ་བསྐོ་གཞག་བྱས་པའི་བློ་མཐུན་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་བློ་མཐུན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པར་བསྒྲེངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་དད་སེམས་དང་། ཆབ་སྲིད། འགན་འཁྲི། འཇོན་ཐང་། སྤྱོད་ཚུལ་བཅས་ཀྱི་ཐད་ཉམས་སད་ཐེག་ཐུབ་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་མི་དམངས་ཀྱི་གཞུང་ཞབས་པ་ཞིག་བརྩོན་ལེན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་ཡོང་ཆེད་འབད་འཐབ་ཧུར་ཐག་བྱས་ཏེ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱས་ཐོག་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་སླད་ཕྱིན་གྱི་ལོ་ལྔ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་དུས་སྐབས་ཤིག་ཡིན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་བའི་འགག་རྩའི་དུས་སྐབས་ཤིག་ཀྱང་རེད། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་དང་དེ་བཞིན་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། མཐུན་སྒྲིལ་རོགས་ལས་མཐའ་འཁྱོངས་བྱེད་པ། ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།