དབུ་ཤོག>སྲིད་དོན།
  • གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-02-01

    ཨུ་ཡོན་རྣམ་པ།

    ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ཐོག་སྐབས་བཅུ་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།

    གཅིག  གཞི་རྩའི་གནས་ཚུལ།

    སྐབས་བཅུ་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། རྒྱ་ཆེའི་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་ཐོན་པོར་བསྒྲེངས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་མཛུབ་ཁྲིད་དུ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དང་སྲིད་གྲོས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་གལ་ཆེའི་གནད་དོན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དངོས་ཡོད་གནད་དོན་ལ་དམིགས་ནས་གྲོས་གཞི་ཁག་2405བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་2347གྲོས་ཁོངས་སུ་བཅུག་ཡོད། 2017ལོའི་ལོ་མཇུག་བར། གྲོས་གཞི་ཚང་མ་གཉེར་སྒྲུབ་ལན་འདེབས་བྱས་ཟིན་ནས་གཉེར་སྒྲུབ་ལན་འདེབས་བྱས་ཚད་100%ཟིན་སྟབས་ཨུ་ཡོན་རྣམ་པས་བློ་མོས་དང་རྩ་བའི་ཆ་ནས་བློ་མོས་བྱུང་ཚད་98%ཡན་ཟིན་ཡོད། གཉེར་སྒྲུབ་བྱས་ཚུལ་ལ་བལྟས་ན། བཏོན་པའི་གནད་དོན་ཐག་གཅོད་བྱས་ཟིན་པའམ་ཡང་ན་དང་ལེན་བྱས་པའི་བསམ་འཆར་དང་གྲོས་གཞི་ཁག་1216ཡོད་པ་དེས་52%བཟུང་ཡོད། ཐག་གཅོད་བྱེད་རྩིས་ཡོད་པའམ་ཡང་ན་དང་ལེན་བྱེད་རྩིས་ཡོད་པའི་གྲོས་གཞི་ཁག་666ཡོད་པ་དེས་28%བཟུང་ཡོད། ཆ་རྐྱེན་མ་འཛོམས་པར་གནས་སྐབས་ཐག་གཅོད་བྱེད་དཀའ་བའམ་ཡང་ན་དཔྱད་གཞིར་ཉར་བའི་གྲོས་གཞི་ཁག་465ཡོད་པ་དེས་20%བཟུང་ཡོད། གྲོས་གཞིའི་ནང་གི་བསམ་འཆར་དང་གྲོས་གཞི་མང་དག་ཅིག་བསྡུ་ལེན་བྱས་ཟིན་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཐབས་ཇུས་དང་། གོང་འཕེལ་འཆར་འགོད་དམ་ཡང་ན་སྡེ་ཚན་གྱི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་བྱས་སྟབས་རང་ལྗོངས་འདི་ཉིད་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ཡོང་བར་སྐུལ་སྤེལ་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    (གཅིག)གོང་འཕེལ་མྱུར་པོ་འགྲོ་བར་དོ་ཁུར་ཆེན་པོ་བྱས་པ། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་ཕན་སྐུལ་གཏོང་རྒྱུ་དེ་འགན་སྒྲུབ་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏོང་བ། ཚན་རྩལ་གསར་གཏོད་ཐོག་ནས་གོང་འཕེལ་ལ་འདེད་སྐུལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་ཕྱོགས་བསྡུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། རྒྱང་བལྟའི་རང་བཞིན་བཅས་ཀྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་དམིགས་ཤིང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་འབེབས་ལག་བསྟར་བྱེད་པ་དང་། གཙོ་གནད་རྣམ་གྲངས་གང་མགྱོགས་འཛུགས་སྐྲུན་བྱེད་པ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་བ་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བ་སོགས་ཀྱི་ཐད་ལ་དམ་པོར་དམིགས་ཏེ་ཐབས་འདོན་ཇུས་འདོན་བྱས་ཤིང་། ལོ་ལྔའི་རིང་། ཁྱོན་དེའི་རིགས་ཀྱི་གྲོས་གཞི་851བཏོན་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཡོངས་ཀྱི་36%བཟུང་ཡོད། དཔེར་ན། 《བོད་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”ནང་ཞུགས་རྒྱུའི་འཐབ་ཇུས་འཆར་འགོད་བཟོ་སྒྲིག་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བར་སྐུལ་འདེད་གང་མགྱོ གས་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《ལྕགས་ལམ་དང་། གཞུང་ལམ། གློག་ཤུགས་སོགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《བོད་ལྗོངས་མཉམ་སྦྲེལ་དྲ་རྒྱའི་དངུལ་རྩའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《PPPཡི་དཔེ་རྣམ་སྤྱད་ནས་རི་རྒོད་དང་། ས་རྒོད། ཐང་རྒོད་བཅས་ཀྱི་ས་ཆའི་ཐོན་ཁུངས་གསར་སྤེལ་བྱས་ཏེ་གྲོང་གསེབ་ཡུལ་སྐོར་དང་རྒན་གསོའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཀྱི་གྲོས་གཞིར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རུང་བའི་རང་བཞིན་ཅུང་ཆེ་ཙམ་ལྡན་ཡོད་ཁར། གྲོས་གཞི་མི་ཉུང་བ་ཞིག་གི་བསམ་འཆར་དང་གྲོས་གཞི་དང་ལེན་བྱས་སྟབས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད།

    (གཉིས)དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུར་སེམས་ཁུར་བྱས་པ། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་རང་རྟོགས་ངང་དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་བསམ་གཞི་ལག་ལེན་བསྟར་བ་དང་། རིགས་ཁོངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནས་འགོ་བཙུགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ལྗོངས་ཏང་ཨུད་ཀྱིས་དམངས་ཕན་ཐད་ཀྱི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུ་སོགས་ལ་དམ་པོར་དམིགས་ཤིང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་སོགས་ཀྱི་ཐད་ལ་དམིགས་ནས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཤིང་། ལོ་ལྔའི་རིང་། ཁྱོན་དེའི་རིགས་ཀྱི་གྲོས་གཞི་ཁག་636བཏོན་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཡོངས་ཀྱི་27%བཟུང་ཡོད། དཔེར་ན། 《ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་དང་ཕྲན་ཚེགས་ཁེ་ལས་ཀྱི་གསར་གཏོད་ལས་གཏོད་ལ་རོགས་སྐྱོར་བྱེད་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཟོ་འདོན་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《ཀུན་སྤྱོད་སློབ་གསོའི་དཔྱད་གདེང་མ་ལག་གསར་འཛུགས་བྱས་ནས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་དེ་ཕྱོགས་ཡོངས་ལ་ཁེབས་པར་བྱེད་རྒྱུའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《རིམ་ཁག་སྨན་བཅོས་ཚན་ཁག་ཏུ་ཞིང་འབྲོག་པ་སྨན་བཅོས་བྱེད་སྐབས“དུས་ཐོག་རྩིས་རྒྱག”བྱེད་སྲོལ་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་དང་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར་བྱེད་པའི་སྲོལ་ཡིག་བཟོ་འབེབས་བྱེད་རྒྱུ》སོགས་ཀྱི་གྲོས་གཞིར་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་བསམ་འཆར་དང་གྲོས་འགོ་དང་ལེན་བྱས་པས་དམངས་འཚོའི་སྲིད་ཇུས་དོན་འཁྱོལ་དང་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རྒྱུར་སྔར་བས་སྐུལ་འདེད་ཐེབས་པ་དང་། སྤྱི་ཚོགས་ཀྱི་ཕན་ནུས་བཟང་པོ་ཐོན་ཁར་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཀྱང་བཟང་པོ་ཐོབ་ཡོད།

    (གསུམ)ཡུན་རིང་བདེ་འཁོད་ཡོང་བར་ཕན་སྐུལ་ཤུགས་ཆེ་བཏང་བ། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་སྒྲུབ་ཀྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་མ་སྒྲུབ་ཀ་མེད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ནས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ཐོག བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་བྱ་ཐབས་ཁག་བཅུ་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ཏེ་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། ཁྲིམས་ལུགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུའི་ཐད་ཐབས་འདོན་ཇུས་འདོན་བྱས་ཤིང་། ལོ་ལྔའི་རིང་། ཁྱོན་དེའི་རིགས་ཀྱི་གྲོས་གཞི་ཁག་287བཏོན་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཡོངས་ཀྱི་12%བཟུང་ཡོད། དཔེར་ན། 《མཐའ་མཚམས་ཞི་མཐུན་བརྟན་ལྷིང་ཡོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《བོད་ཀྱི་ལོ་ཆུང་གཞོན་ནུའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི》 《དབྱར་རྩྭ་དགུན་འབུ་འཚོལ་འཐུའི་རྩོད་གཞི་ཐག་གཅོད་ལུགས་མཐུན་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》 《བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་གྲངས་གཞིའི་ཆ་འཕྲིན་གྱི་ལས་སྟེགས་ཆེན་པོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《མཐའ་མཚམས་ཀྱི་མང་ཚོགས་རྣམས་ཡུན་རིང་མཐའ་མཚམས་ཀྱི་འཐབ་ས་མདུན་མར་བདེ་སྡོད་བྱེད་རྒྱུར་སྐུལ་མ་བཏང་ནས་མཐའ་སྲུང་སྲ་བརྟན་གཏོང་རྒྱུའི་བཙན་རྫོང་བསྐྲུན་རྒྱུ》སོགས་གྲོས་གཞི་དེ་དག་གིས་ལྗོངས་ཏང་ཨུད་ཀྱི“བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་བྱ་ཐབས་ཁག་བཅུ”དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཤུགས་ཆེ་ཐོན་ཡོད་ལ། རང་ལྗོངས་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་འགན་ལེན་བྱེད་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    (བཞི)སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་རྒྱུར་རོགས་འདེགས་བྱས་པ། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་རོགས་འདེགས་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་། གངས་རི་འཁྱགས་རོམ་ཡང་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བསྐྲུན་རྒྱུའི་འཐབ་ཇུས་ཧྲིལ་པོའི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་སྲུང་བྱེད་པ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ཤུགས་ཆེ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཀྱི་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ་སོགས་ཀྱི་ཐད་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་ཤིང་། ལོ་ལྔའི་རིང་། ཁྱོན་དེའི་རིགས་ཀྱི་གྲོས་གཞི་ཁག་260བཏོན་ཡོད་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཡོངས་ཀྱི་11%བཟུང་ཡོད། དཔེར་ན། 《གདོད་མའི་རང་བྱུང་སྔོ་ཁེབས་གཏོར་བཤིག་གཏོང་རིགས་གཏན་འགོག་བྱས་ཏེ་བྱ་ཐབས་ནུས་ལྡན་གྱིས་སྐྱེ་ཁམས་སྲུང་བཅད་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《“རྡོ་སོལ་ནན་འགོག”གིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》 《སྲོག་ཆགས་ཚེ་ཐར་གཏོང་རིགས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཏེ་སྲོག་ཆགས་གཞན་དག་ནང་འཛུལ་གྱི་གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》 《〈བོད་རང་སྐྱོང་ལྗོངས་ཀྱི་གཏེར་སྙིགས་གསོག་མཛོད་དོ་དམ་བྱ་ཐབས〉གང་མགྱོ གས་བཟོ་འདོན་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》 《གློག་མེད་པའི་ས་ཁུལ་དུ་འབྱུང་འཕྲོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ལས་གཞི་ཁྱབ་སྤེལ་ཤུགས་ཆེ་གཏོང་རྒྱུ》སོགས་ཀྱི་གྲོས་གཞི་དེ་དག་གིས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་། རི་ཆུ་ཀླུང་གསུམ། “འཛམ་གླིང་ཐོག་གི་ཆེས་མཐའ་མའི་ས་ཆ་གཙང་ཤོས”སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཡོད།

    (ལྔ)རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ། ཨུ་ཡོན་རྣམ་པས་ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་རྒྱུའི་འགྲོ་ལམ་རྒྱུན་འཁྱོངས་ཀྱིས་རིག་གནས་སྟོབས་ཆེའི་ཁུལ་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོ གས་སུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་ཅིང་། ལོ་ལྔའི་རིང་། ཁྱོན་དེའི་རིགས་ཀྱི་གྲོས་གཞི་ཁག་313བཏོན་པ་དེས་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཡོངས་ཀྱི་14%བཟུང་ཡོད། དཔེར་ན། 《རིག་གནས་ཐད་ཀྱི་ཆེད་ལས་ཤེས་ལྡན་པ་ནང་འདྲེན་བྱེད་རྒྱུའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》དང་། 《དགོན་སྡེའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་གྲོས་གཞི》 《ཆ་འཕྲིན་ཅན་ལ་བརྟེན་ནས་ཡུལ་སྐོར་རིག་གནས་ཐོན་ལས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》 《〈གླིང་གེ་སར་རྒྱལ་པོའི་སྒྲུང་〉བོད་ཡིག་ནས་རྒྱ་ཡིག་ཏུ་ཕབ་སྒྱུར་བྱེད་རྒྱུའི་ལས་གཞི་གང་མགྱོ གས་སྤེལ་འགོ་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི》 《རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》སོགས་བཏོན་པ་དེས་ཨུ་ཡོན་རྣམ་པས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེ་གཏོང་བའི་ཚད་མཐོའི་རང་རྟོགས་བྱེད་སེམས་མངོན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་མངོན་ཡོད་ལ། རང་ལྗོངས་སྲིད་གྲོས་ཀྱི་ཞབས་ཞུའི་རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཚུལ་ཡང་མངོན་པར་བརྟེན་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་ཞིང་རྒྱས་པ་ཡོང་བར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་གང་ཡོད་ཕུལ་ཡོད།

    གཉིས། བྱེད་ཐབས་དང་མྱོང་ཚོར་གཙོ་བོ།

    ལོ་ལྔའི་རིང་། རྒྱུན་ལས་ཨུ་ལྷན་གྱིས“ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་ལ་དོ་སྣང་བྱེད་པ”བཅས་ཀྱི་གྲོས་གཞིའི་ལས་ཀའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ། གྲོས་གཞིའི་ལས་དོན་གྱི་ཁྱོན་ཡོངས་རང་བཞིན་གྱི་ངེས་གནས་སྟངས་འཛིན་ནན་པོ་བྱས་ཐོག གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འགན་སྲུང་དུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་གྲོས་གཞིའི་ལས་དོན་སྒྲུབ་པའི་ཁྲོད་ཀྱི་ལག་ལེན་གསར་པར་གཞི་ཚུགས་ཤིང་། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པའི་ཐོག་ནས་གྲོས་གཞིའི་ལས་དོན་ཚན་རིག་ཅན་དུ་གྱུར་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

    (གཅིག)ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་གང་ཐད་ཀྱི་རྒྱབ་སྐྱོར་ཐོབ་ཐབས་བྱས་པ། སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་ལྡན་པའི་ཁྱད་ཆོས་འདོན་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ་བཅས་སྤྱི་ཡོངས་ཀྱི་ཐོག་ནས། “འདུ་ཤེས་བཞི”བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། ཏང་གི་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་འགྲོ་ལམ་མཐའ་འཁྱོངས་བཅས་བྱེད་དགོས་ཀྱི་ཡོད་པས། ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་གྲོས་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ། གཙོ་བོའི་དབུ་ཁྲིད་སྐུ་ངོ་མས་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་ཞིང་། འབྲེལ་ཡོད་གྲོས་གཞིར་གལ་ཆེའི་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ནས། གཉེར་སྒྲུབ་དོན་འཁྱོལ་བྱེད་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་མཇུག་སྒྲིལ་རྗེས། རང་སྐྱོང་ལྗོངས་ཀྱིས་དུས་ཐོག་ཏུ་གྲོས་གཞི་གཉེར་སྒྲུབ་ཀྱི་རྩིས་སྤྲོད་ཚོགས་འདུ་སྐོང་འཚོག་བྱས་ཏེ། གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་བྱས་པ་དང་། གྲོས་གཞི་གཉེར་སྒྲུབ་ཀྱི་ལས་འགན་ཞིབ་ཚགས་དང་ཁ་གསལ་བཟོས་པ། གྲོས་གཞི་གཉེར་སྒྲུབ་ཀྱི་བླང་བྱ་དང་དུས་ཚད་གསལ་པོ་བཟོས་པ། གཉེར་སྒྲུབ་ཀྱི་འགན་འཁྲི་ཤུགས་ཆེར་བཏང་བ་བཅས་བྱས་པ་མ་ཟད། ཏང་ཨུད་དང་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་སྡེ་ཚན་གྱིས་གྲོས་གཞི་གཉེར་སྒྲུབ་བྱེད་རྒྱུར་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གྲོས་གཞི་གཉེར་སྒྲུབ་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་དེ་གོང་འཕེལ་གྱི་དུས་མཚམས་གསར་པ་ཞིག་གི་ཐོག་སླེབས་རྒྱུར་མཉམ་ཤུགས་བཏོན་ཡོད།

    (གཉིས)གཙོ་རྐང་ནུས་པ་འདོན་སྤེལ་བྱས་ནས་གྲོས་གཞིའི་སྤུས་ཚད་མཐོ་རུ་བཏང་བ། གྲོས་གཞིའི་སྤུས་ཚད་ནི་གྲོས་གཞིའི་ལས་དོན་གྱི་སྲོག་རྩ་ལྟ་བུ་ཡིན་ཞིང་། གྲོས་གཞིའི་སྤུས་ཚད་ཀྱིས་གྲོས་གཞི་དེ་གའི་རིན་ཐང་གཏན་འཁེལ་བྱེད་ཀྱི་ཡོད་ལ་སྲིད་གྲོས་ཀྱིས་སྲིད་ཞུགས་སྲིད་གླེང་བྱེད་པའི་ནུས་པ་དང་ཆུ་ཚད་ཀྱང་མངོན་པར་བྱེད་ཀྱི་ཡོད་སྟབས་ངེས་པར་དུ་སྤུས་ཚད་ཐོག་ནས་གོང་འཕེལ་ཡོང་ཐབས་བྱེད་པའི་ཚན་རིག་གི་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོས་གཞིའི་ཁ་གྲངས་དང་སྤུས་ཚད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཁར། ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་གྲོས་གཞིའི་ལས་དོན་གྱི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་ཀྱི་ཡོད་པས། ལོ་ལྔའི་རིང་། རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་གྱི་གྲོས་གཞིའི་ལས་དོན་གྱི་གཙོ་རྐང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོགས་འདུ་དང་བརྟག་ཞིབ་སོགས་འགན་སྒྲུབ་བྱེད་སྒོའི་གོ་སྐབས་དང་བསྟུན་ནས་ཨུ་ཡོན་ལ་གྲོས་གཞིའི་ལས་དོན་སྤེལ་ཚུལ་དྲིལ་བསྒྲགས་བྱས་ཐོག རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་གིས་གྲོས་གཞིར་བརྟེན་ནས་འགན་འཁྲི་ཧུར་ཐག་བསྒྲུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། རྒྱུན་ལས་ཨུ་ཡོན་ཚོགས་འདུ་དང་། གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ། རིགས་ཁོངས་ཨུ་ཡོན་གྱི་སློབ་སྦྱོང་ཚོགས་འདུ། ཆེད་དོན་ཟུར་ཁྲིད་དང་འཆད་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་དང་། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་གདན་ཞུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པས་ཨུ་ཡོན་གྱི་གནས་ཚུལ་དང་སྲིད་དོན་ཤེས་རྟོགས་དང་། གྲོས་མོལ་སྲིད་གླེང་། རིན་ཐང་ཆེ་བའི་གྲོས་གཞི་འདོན་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ཨུ་ཡོན་ལ་ཡོངས་བསྒྲགས་ཡི་གེ་དང་། གྲོས་གཞིའི་ངེས་བྱ། གྲོས་གཞིའི་བརྗོད་དོན་གདམ་རྒྱུའི་དཔྱད་གཞི། གྲོས་གཞི་བསྡུ་རུབ་ཀྱི་བརྡ་ཐོ་གཏོང་རྒྱུ་སོགས་རྒྱུན་འཁྱོངས་བྱས་ཏེ། གྲོས་གཞིའི་བརྗོད་དོན་འདེམས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པ། གྲོས་གཞི་འདོན་པ་སོགས་ཀྱི་ཐད་ལ་གྲོས་མོལ་འབྲེལ་མཐུད་བྱས་ཡོད། སྤུས་ཚད་ཅུང་ཡག་པ་དང་གཉེར་སྒྲུབ་ཀྱི་ཕན་འབྲས་ཡག་ཙམ་ཡོད་པའི་གྲོས་གཞི་བདམས་ནས《གྲོས་གཞི་གཉེར་སྒྲུབ་བྱས་ཚུལ་བདམས་སྒྲིག》ནང་བཀོད་དེ་པར་འགྲེམས་བྱས་པར་བརྟེན་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་ཡོད། ཞིབ་བཤེར་དང་གྲོས་ཁོངས་སུ་འཇུག་རྒྱུའི་འགག་སྒོ་ནན་པོར་བསྲུངས་ཏེ“ཞིབ་བཤེར་བཞིའི”ལམ་ལུགས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པས་གྲོས་གཞིར་ཞིབ་བཤེར་བྱེད་རྒྱུ་སྔར་བས་ཞིབ་ཚགས་པ་དང་། ནན་པོ། ཚད་ལྡན་བཅས་བྱུང་ཡོད། གྲོས་གཞིའི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་པ། གཞི་རིམ་དུ་ཟབ་འཇུག་བྱས་ནས་བརྟག་ཞིབ་བྱེད་པ། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་ཉམས་ལེན་བྱེད་པ། ལྷག་བསྡད་པའི་གནད་དོན་བཙལ་འཚོལ་བྱེད་པ་བཅས་ཀྱི་ཐོག་ནས་གྲོས་འགོ་བཏོན་ཡོད།

    (གསུམ)གཉེར་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་གཉེར་སྒྲུབ་ཀྱི་ཕན་འབྲས་ཐོན་རྒྱུར་དོ་སྣང་བྱས་པ། གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་ནི་གྲོས་གཞིའི་ནུས་པ་འདོན་སྤེལ་བྱེད་པའི་འགག་རྩ་ཡིན། སྲིད་གྲོས་གྲོས་གཞིའི་ལས་དོན་དེ་གྲོས་གཞི་འདོན་པ་དང་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས་གྲོས་གཞི་ཡག་པོ་འདོན་རྒྱུ་དེ་ནི་གལ་ཆེའི་རྨང་གཞི་ཞིག་ཡིན་ལ། ཕན་འབྲས་ཡག་པོ་ཐོན་པ་བྱེད་རྒྱུ་དེ་ནི་མཐའ་མའི་དམིགས་ཡུལ་དེ་རང་ཡིན། ལོ་ལྔའི་རིང་། རྒྱུན་ལས་ཨུ་ལྷན་གྱིས་གྲོས་གཞི་གཉེར་སྒྲུབ་བྱེད་རྒྱུའི་སྤུས་ཚད་ལ་མཐོང་ཆེན་བྱས་ཏེ། སྤུས་ཚད་དངོས་འབྲེལ་ལེགས་སུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་ཆེ་བའི་གནས་བབ་ཐོག་བཞག་ནས། གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། དེའང་གཅིག་ནི་གཉེར་སྒྲུབ་རྩིས་སྤྲོད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ། གྲོས་ཁོངས་སུ་བཅུག་པའི་གྲོས་འགོ་དང་ལྷག་པར་དུ་ནང་དོན་བལྟོས་བཅས་ཀྱིས་གཏིང་ཟབ་པའི་གྲོས་གཞིར་གཙོ་གནད་དུ་དབྱེ་གསེད་དང་དབྱེ་ཞིབ་ཞིབ་འཇུག་བྱས་ཁར། ཏང་སྲིད་འགན་ནུས་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་ནན་ཏན་བྱས་ཏེ། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་དང་གཉེར་སྒྲུབ་བྱེད་སྟངས་གཏན་འཁེལ་བྱས་ཐོག གྲོས་གཞི་གཉེར་སྒྲུབ་བྱེད་རྒྱུའི་ཡང་དག་རང་བཞིན་ཤུགས་ཆེར་བཏང་ཡོད། གཉིས་ནི་རྗེས་འདེད་སྒྲུབ་སྐུལ་བྱེད་པར་དོ་སྣང་བྱས་པ། སྒྲུབ་འགན་འཁུར་མཁན་ཚན་པའི་དབར་དང་། སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་དབར་འབྲེལ་མཐུད་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། གྲོས་གཞིའི་ལུགས་མཐུན་གྲོས་གཞི་དང་ལེན་བྱེད་རྒྱུ་དང་དོན་དངོས་གནད་དོན་ཐག་གཅོད་ཐུབ་རྒྱུར་འགན་ལེན་བྱས་ཡོད། ཏང་སྲིད་ལྟ་སྐུལ་ཞིབ་བཤེར་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ལན་འདེབས་ཡག་པོ་བྱས་མེད་པའི་གྲོས་གཞིའི་རིགས་ཕྱིར་བསློགས་ནས་བསྐྱར་དུ་གཉེར་སྒྲུབ་བྱེད་དུ་བཅུག་པ་མ་ཟད། ཡིག་འཕྲིན་དང་། ཁ་པར། འཚམས་འདྲིར་བསྐྱོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཉེར་སྒྲུབ་བྱེད་འགོར་བའི་སྡེ་ཚན་ལ་གང་མགྱོ གས་གཉེར་སྒྲུབ་བྱེད་དགོས་པའི་ཚ་འདེད་བཏང་ཡོད། གསུམ་ནི་གཙོ་གནད་གྲོས་གཞིར་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ལོ་ལྟར་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་གཙོ་གནད་ལས་ཀར་དམིགས་ཏེ་གཙོ་གནད་ཀྱི་གྲོས་གཞི་ཁག་10ཡས་མས་གཏན་འཁེལ་བྱས་ནས། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་ཁག་སོ་སོར་སྒྲུབ་སྐུལ་བྱེད་འགན་འཁུར་ཡོད། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། གཉེར་སྒྲུབ་བྱེད་སྟངས་གསར་གཏོད། གཉེར་སྒྲུབ་དོན་འཁྱོལ་ཡོང་བར་དོ་སྣང་བཅས་བྱས་ཏེ། གྲོས་གཞི་གཉེར་སྒྲུབ་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པས། གྲོས་གཞིའི་རིན་ཐང་དང་ཨུ་ཡོན་རྣམ་པའི་འགན་སྒྲུབ་བྱས་འབྲས་གང་ལེགས་མངོན་ཐུབ་པ་བྱུང་ཡོད།

    (བཞི)གྲོས་མོལ་གྱི་འདུ་ཤེས་བཅངས་ནས་དམངས་གཙོའི་གྲོས་མོལ་མཐའ་འཁྱོངས་བྱས་པ། གྲོས་གཞིའི་ལས་ཀ་དེ་གྲོས་གཞི་འདོན་མཁན་དང་། གྲོས་གཞིའི་ལས་དོན་ཚན་པ། སྒྲུབ་འགན་འཁུར་མཁན་ཚན་པ་སོགས་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས། འབྲེལ་གཏུག་མཐུན་སྦྱོར་དང་གྲོས་མོལ་སྤེལ་རེས་བྱེད་རྒྱུ་དང་ཁ་བྲལ་ཐབས་མེད། རྒྱུན་ལས་ཨུ་ལྷན་གྱིས་གྲོས་གཞི་རྩིས་སྤྲོད་དང་། གཉེར་སྒྲུབ། སྒྲུབ་སྐུལ་བཅས་བྱེད་པའི་གྲོས་མོལ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་པ་མ་ཟད། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱ་ཐབས》བཟོ་འདོན་བྱས་ཏེ། གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱེད་རྒྱུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། དམངས་གཙོའི་གྲོས་མོལ་དང་། འདྲ་མཉམ་དོན་གྲོས། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག བསམ་ཤེས་བསྟུན་མཁས་བཅས་ཀྱི་རྩ་དོན་ལག་བསྟར་ནན་ཏན་བྱས་ནས། གྲོས་མོལ་བྱེད་རྒྱུ་དེ་གཞི་རྩའི་ཐབས་ཤེས་དང་དགོས་ངེས་ཀྱི་རྩལ་ནུས་སུ་དངོས་འབྲེལ་བརྩིས་ཏེ། གྲོས་གཞི་འདོན་པ་དང་། གྲོས་ཁོངས་སུ་འཇུག་པ། རྩིས་སྤྲོད། སྒྲུབ་གཉེར། སྒྲུབ་སྐུལ། ལན་སྤྲོད་པ་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་ཐུབ་པ་བྱས་པ་མ་ཟད། གྲོས་གཞི་འདོན་མཁན་དང་སྒྲུབ་མཁན་ཕན་ཚུན་དབར་དང་། གྲོས་གཞི་ཨུ་ཡོན་ལྷན་ཁང་། གྲོས་གཞི་འདོན་མཁན། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་བཅས་དབར་གྲོས་མོལ་གང་ལེགས་བྱས་ཏེ། གྲོས་གཞིའི་གྲོས་འཆར་ཐད་ལ་བསྐྱར་དུ་ངོས་འཛིན་གཏིང་ཟབ་ཡོང་བ་བྱས་སྟབས། གྲོས་གཞི་གཉེར་སྒྲུབ་ཀྱི་འགན་འཁྲི་དོན་འཁྱོལ་དང་། གནད་དོན་ཐག་གཅོད། གྲོས་མོལ་བྱས་འབྲས་དངོས་སྒྱུར་ཡོང་བ་བཅས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། དཔེར་ན། གཞིས་རྩེ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ནགས་ལས་ཐིང་སོགས་འབྲེལ་ཡོད་གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་དབར་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཏེ་གྲོས་གཞི་རེ་རེ་བཞིན་གྲོས་མོལ་གང་ལེགས་བྱས་པ་དང་འབྲེལ་མཐུད་གཏིང་ཟབ་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོས་གཞི་གཉེར་སྒྲུབ་བྱེད་པའི་གྲོས་མོལ་བསམ་གཞི་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་མ་ཟད། ཚོགས་འདུར་གྲོས་མོལ་དང་། བརྟག་ཞིབ་གྲོས་མོལ། ཁྱིམ་དུ་བསྐྱོད་ནས་གྲོས་མོལ། ཁ་པར་ཐོག་ནས་གྲོས་མོལ་སོགས་ཧུར་ཐག་བྱས་པས། གྲོས་མོལ་བྱེད་རྒྱུ་དེ་སྔར་བས་རྒྱ་ཆེ་ལ་བང་རིམ་མང་བ་དང་། སྐབས་བསྟུན་རྒྱུན་རྣམ། དུས་བསྟུན་ཡར་རྒྱས་བཅས་བྱུང་ནས། སྒྲུབ་འགན་འཁུར་མཁན་ཚན་པ་དང་གྲོས་གཞི་འདོན་མཁན་གྱིས་གཉེར་སྒྲུབ་མ་བྱས་གོང་དང་། གཉེར་སྒྲུབ་བྱེད་རིང་། གཉེར་སྒྲུབ་བྱས་རྗེས་ཕན་ཚུན་འབྲེལ་མཐུད་བྱེད་རྒྱུར་དེ་བས་སྟབས་བདེ་ལ་མྱུར་པོ་བྱུང་ཡོད།

    (ལྔ)ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གསར་གཏོད་ཀྱི་ལམ་བུ་ཧུར་ཐག་བཤངས་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག གྲོས་གཞིའི་ལས་དོན་ལ་ཕྱོགས་བསྡོམས་དང་དུས་བསྟུན་ཡར་རྒྱས་ཡོང་བ་བྱས་ཐོག གསར་གཏོད་ཀྱི་བསམ་གཞིར་བརྟེན་ནས་གྲོས་གཞིའི་ལས་དོན་གྱི་སྔར་ཡོད་ཀྱི་རྣམ་པ་དང་། ཐབས་ཤེས། ནང་དོན་བཅས་རྒྱ་སྐྱེད་དང་ཕུན་སུམ་ཚོགས་སུ་བཏང་སྟེ། གྲོས་གཞིའི་ལས་དོན་ཐོག་ནས་དངོས་ཡོད་ཀྱི་མཁོ་དགོས་གང་ལེགས་མཚོན་པ་བྱེད་དགོས་པས། ལོ་ལྔའི་རིང་། རྒྱུན་ལས་ཨུ་ལྷན་གྱིས་དུས་ཐོག་ཏུ་གྲོས་གཞིའི་ལས་དོན་གྱི་ལག་ལེན་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། གྲོས་གཞིའི་ལས་དོན་གྱི་བསམ་གཞི་གསར་གཏོད་དང་། ལམ་སྲོལ་གསར་གཏོད། ལས་དོན་སྤེལ་ཐབས་གསར་གཏོད་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་པས། གྲོས་གཞིའི་ལས་དོན་སྔར་བས་མཐུན་སྦྱོར་ལྡན་པ་དང་། ནུས་ཕྱོད་ཆེ་བ། ཚད་ལྡན་གོ་རིམ་ལྡན་པ་བཅས་ཀྱི་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ལ། གྲོས་གཞིའི་ལས་དོན་སྤེལ་རྒྱུ་དེ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པ་བྱུང་ཡོད། སྐབས་འདིའི་ནང་སྔ་རྗེས་སུ་གཟེངས་བསྟོད་ཚོགས་འདུ་ཐེངས་གཉིས་སྐོང་འཚོག་བྱས་པ་དང་། སྐབས་འདིའི་ནང་གི་ཕུལ་བྱུང་གི་གྲོས་གཞི་ཁག་65དང་། གྲོས་གཞི་གཉེར་སྒྲུབ་བྱེད་མཁན་གྱི་སྔོན་ཐོན་ཚན་པ་35 གྲོས་གཞི་གཉེར་སྒྲུབ་བྱེད་མཁན་གྱི་སྔོན་ཐོན་ལས་དོན་པ་55བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། ཉམས་མྱོང་སྤེལ་རེས་ཀྱང་བྱས་པས་བསམ་བློའི་ངོས་འཛིན་གཅིག་གྱུར་བྱུང་བ་དང་། ཕན་ཚུན་སློབ་སྦྱོང་དང་མིག་དཔེར་འཛིན་པ། དམིགས་ཚད་ཀྱི་ལས་འགན་ཁ་གསལ་བ། གྲོས་གཞིའི་ལས་དོན་ལ་སྐུལ་འདེད་ཐུབ་པ་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད། ལྗོངས་སྲིད་གྲོས་ཀྱིས“གྲོས་གཞིའི་ལས་དོན་གྱི་དགེ་མཚན་འདོན་སྤེལ་དང་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི”ཆེད་དོན་གྲོས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཤིང་། འགོ་ཁྲིད་ཀྱི་གསུང་བཤད་དང་། ཟུར་ཁྲིད་སྙན་ཞུ། ཚོགས་ཆེན་གི་གཏམ་བཤད། ཡིག་ཐོག་གི་སྤེལ་རེས། བཞུགས་མོལ་གྲོས་བསྡུར་སོགས་ཀྱི་རྣམ་པའི་ཐོག་ནས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཁར། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བའི་ཁྲོད་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་གལ་ཆེའི་གནས་བབ་དང་དགེ་མཚན་ལྡན་པའི་ནུས་པ་འཚོལ་ཞིབ་ཧུར་ཐག་བྱས་པ་མ་ཟད། གྲོས་གཞིའི་ལས་ཀའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་སྤེལ་རེས་བྱས་པས། གྲོས་གཞིའི་ལས་དོན་ཁྲོད་ཀྱི་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    ལོ་ལྔའི་ནང་གྲོས་གཞིའི་ལས་དོན་སྒྲུབ་པའི་ཐོག་ནས་ཨུ་ཡོན་གྱིས་ཇི་ལྟར་བྱས་ནས་སྤུས་ཚད་མཐོ་བའི་གྲོས་གཞི་འདོན་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དེ་སྔར་བཞིན་གྲོས་གཞིའི་ལས་དོན་གྱི་གལ་ཆེའི་ཤུགས་རྒྱག་སར་བྱས་ཏེ། ངེས་པར་དུ་ཏང་གི་དར་ཆ་དེ་རང་གི་དར་ཆར་བརྩི་བ་དང་། ཏང་གི་ཁ་ཕྱོགས་དེ་རང་གི་ཁ་ཕྱོགས་སུ་འཛིན་པ། ཏང་གི་འདོད་བློ་དེ་རང་གི་འདོད་བློར་བརྩི་བ་བཅས་བྱས་ཐོག་ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་། ནུས་ལྡན་བྱ་ཐབས་མཐའ་དག་སྤྱད་དེ་ཨུ་ཡོན་ཚོས་གྲོས་གཞི་འདོན་རྒྱུ་དང་གྲོས་གཞིའི་སྤུས་ཚད་ལེགས་སུ་ཧུར་ཐག་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། དུས་མཚུངས། གྲོས་གཞི་རྩིས་སྤྲོད་དང་གཉེར་སྒྱུབ་བྱེད་རྒྱུའི་ལྷུ་ཚིགས་ནང་ངེས་པར་དུ་འབྲེལ་མཐུད་མཐུན་སྦྱོར་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས“གྲོས་གཞིར་སྣང་འཇོག་མི་བྱེད་པར་ཇི་མ་ཇི་བཞིན་རང་སར་ལོག་པ”དང་། “ལན་འདེབས་ལ་སྣང་ཆེན་བྱེད་པ་ལས་དོན་འཁྱོལ་བྱེད་རྒྱུ་སྣང་མེད་དུ་གཏོང་བ” “རང་འགན་གཞན་དཀྲི་བྱེད་པ”སོགས་ཀྱི་སྣང་ཚུལ་བཀག་འགོག་བྱས་ཏེ་གྲོས་གཞི་རྩིས་སྤྲོད་གནད་འཁེལ་དང་། དངོས་འབྲེལ་གཉེར་སྒྲུབ་བྱེད་པ། ཕན་འབྲས་དངོས་ཐོན་པ་བཅས་ཡོང་བ་བྱེད་དགོས།

    གསུམ།  སྐབས་བཅུ་གཅིག་པའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ལ་འདོན་རྒྱུའི་གྲོས་འགོ

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་མཛུབ་སྟོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུར་བཀོད་སྒྲིག་ཆ་ཚང་བ་བྱས་ཡོད། གྲོས་གཞིའི་ལས་དོན་སྤེལ་སྐབས“དོན་དག་ལ་གྲོས་བསྡུར་ཡག་པོ་དང་། ཚང་མའི་དོན་དག་ལ་ཚང་མས་གྲོས་མོལ་བྱེད་པ”དང་“གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རང་འགུལ་ངང་དུས་རབས་གསར་པ་དང་། དུས་བབ་གསར་པ། ལས་འགན་གསར་པ་བཅས་དང་འཚམ་པ་བྱས་ཐོག གོང་འཕེལ་གྱི་འཕེལ་ཕྱོགས་ཆེ་མོ་དང་ལག་ལེན་གྱི་བླང་བྱ་སྟངས་འཛིན་བྱེད་རྒྱུ་དང་། ཏང་དང་སྲིད་གཞུང་གི་སྤྱི་ཡོངས་བྱ་གཞག་ལ་དམིགས་པ་དང་། གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ཏེ་གྲོས་གཞི་ཧུར་ཐག་འདོན་པ་དང་། གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་འབད་བརྩོན་བྱེད་པ། གཉེར་སྒྲུབ་ལ་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་གྲོས་གཞིའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་དགོས།

    (གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་དགོས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ཏན་ཏིག་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར། ནན་ཏན་ངང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཨུད་སྐབས་བཅུ་དགུ་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱེད་པ། ནན་ཏན་ངང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་བཅངས་བ་དང“གདེང་ཚོད་བཞི”བརྟན་འཁྱོངས་ཀྱིས་རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག་བཅས་བྱས་ཤིང་། བློ་རིག་དང་ནུས་ཤུགས་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་གྱུར་ཡོང་བ་བྱས་ཁར། གྲོས་གཞིའི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་རྒྱུན་ཆད་མེད་པར་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རང་རྟོགས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་ཆེར་ཏན་ཏིག་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ཐབས་འདོན་ཇུས་འདོན་བྱེད་དགོས།

    (གཉིས)གྲོས་གཞིའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། གྲོས་གཞིའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་དམ་འཛིན་བྱེད་ས་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་སྐུལ་སྤེལ་གཏོང་རྒྱུར་དམ་པོར་དམིགས་ཤིང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་ཐད་ཀྱི་བཅུར་འགག་དང་ཞན་ཆའི་གནད་དོན་ལ་དམིགས་ཏེ་བརྗོད་དོན་གནད་ལ་འཁེལ་བ་བདམས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ཨུ་ཡོན་རྣམ་པས་སྤུས་ཚད་ལ་དོ་སྣང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་བཏོན་པ་རྣམས་དོན་དངོས་དང་མཐུན་པ་དང་། གནས་ཚུལ་གསལ་ཞུ་བྱས་པ་ཆ་ཚང་ལ་དངོས་ཡོད་ཡིན་པ། གནད་དོན་ལ་དབྱེ་ཞིབ་བྱེད་སྟངས་གཏིང་ཟབ་ཅིང་ཞིབ་ཚགས་པ། བཏོན་པའི་གྲོས་འཆར་ཞིབ་ཅིང་ཕྲ་ལ་ལག་ལེན་བསྟར་འཐུས་ཡིན་པ་བཅས་ཀྱི་གྲོས་གཞི་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས། གྲོས་གཞི་འདོན་རྒྱུ་དང་གྲོས་ཁོངས་སུ་འཇུག་རྒྱུའི་ཚད་གཞི་ནན་སྲུང་གིས་སྤུས་ཚད་གཙོ་བཟུང་དང་ཚད་གཞི་མཐོ་ཤོས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞིབ་བཤེར་བྱེད་རིམ་ཚད་ལྡན་བཟོ་རྒྱུ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་བརྗོད་དོན་གནད་ལ་འཁེལ་བ་འདེམས་རྒྱུ་དང་། གནས་ཚུལ་ཁ་གསལ་བ། གྲོས་འཆར་བདེན་པ་བདེན་ཐུབ་ཡིན་པ་བཅས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་བའི་གྲོས་གཞི་ཁག་གཅིག་སྒྲུབ་གང་ཐུབ་བྱེད་དགོས།

    (གསུམ)གྲོས་གཞི་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། སྒྲུབ་འགན་འཁུར་མཁན་ཚན་པས་བྱ་ཐབས་ནུས་ལྡན་སྤྱད་དེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ལས་ཀའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་ལ་དཔྱད་གདེང་བྱེད་པའི་ཚད་གཞི་ཚད་ལྡན་བཟོ་དགོས། གྲོས་གཞི་སྒྲུབ་སྐུལ་བྱེད་སྟངས་སྔར་བས་གསར་གཏོད་དང་། གྲོས་གཞི་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོས་གཞི་སྒྲུབ་སྐུལ་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོས་གཞི་གཉེར་སྒྲུབ་ཀྱི་ལས་དོན་སྤེལ་ཚུལ་ཐད་དམངས་གཙོའི་ཐོག་ནས་ལྟ་སྐུལ་བྱེད་པ་བཅས་བྱེད་དགོས། སྲིད་གྲོས་འགོ་ཁྲིད་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གདན་འདྲེན་ཞུས་ནས་གཙོ་གནད་གྲོས་གཞི་སྒྲུབ་སྐུལ་བྱེད་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་བྱེད་པའི་སྤྱི་ཡོངས་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དོན་གཅོད་ཐིང་དང་མཐུན་སྦྱོར་འབྲེལ་གཏུག་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གནས་ཚུལ་སྤེལ་རེས་དང་གྲོས་གཞི་གཉེར་སྒྲུབ་བྱེད་ཚུལ་ཤེས་རྟོགས་བྱེད་དགོས། གྲོས་གཞི་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་གཙོ་གནད་དུ་གྲོས་གཞི་གཉེར་སྒྲུབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་གཉེར་སྒྲུབ་ཀྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་གི་ཁྲོད་སྲིད་གྲོས་གྲོས་གཞིའི་ཕན་འབྲས་དངོས་གང་ལེགས་ཐོན་པ་བྱེད་དགོས།

    (བཞི)སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བའི་ཁྲོད་ཀྱི་གྲོས་གཞིའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་གནང་བའི“སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་པའི”བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་གྲོས་གཞིའི་ནུས་ལྡན་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས། གྲོས་གཞི་གཉེར་སྒྲུབ་བྱེད་པར་གྲོས་མོལ་ཧུར་ཐག་བྱས་ཏེ་གྲོས་མོལ་བྱེད་ལམ་དང་གྲོས་མོལ་བྱེད་སྲོལ་འཐུས་ཚང་བཟོ་དགོས་ལ། གཉེར་སྒྲུབ་རྩིས་སྤྲོད་ཀྱི་ལྷུ་ཚིགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་བྱེད་ཕྱོགས་ཐད་གྲོས་མོལ་ཡག་པོ་བྱེད་དགོས། གཉེར་སྒྲུབ་ལྷུ་ཚིགས་ཀྱི་འབྲེལ་གཏུག་མཐུན་སྦྱོར་དང་གཉེར་སྒྲུབ་འདྲི་རྩད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གནད་དོན་ཐག་གཅོད་བྱེད་པར་གྲོས་མོལ་ཡག་པོ་བྱེད་དགོས། སྒྲུབ་སྐུལ་ལྷུ་ཚིགས་ཐད་ལ་རྗེས་འདེད་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་གཉེར་སྒྲུབ་བྱས་འབྲས་ལན་སྤྲོད་བྱེད་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངོས་སྒྱུར་དང་དོན་འཁྱོལ་བྱེད་པར་གྲོས་མོལ་ཡག་པོ་བྱས་ཏེ་གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བྱེད་པར་ཕན་འབྲས་དངོས་ཐོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བྱེད་རྒྱུ་དེ་ཆེད་དོན་གྲོས་མོལ་དང་། རིགས་ཁོངས་གྲོས་མོལ། ཁ་གཏད་གྲོས་མོལ་སོགས་གྲོས་མོལ་བྱེད་སྟངས་གཞན་དག་དང་གཅིག་གྱུར་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། སྲིད་གྲོས་ཀྱི་གྲོས་མོལ་བྱེད་རྒྱུ་དེ་རྒྱ་ཆེ་ཞིང་བང་རིམ་མང་བ་དང་ལམ་ལུགས་ཅན་དུ་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་དགོས།

    (ལྔ)རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ནི་གྲོས་གཞིའི་ལས་དོན་སྒྲུབ་མཁན་གྱི་གཙོ་རྐང་ཡིན་པས་གྲོས་གཞིའི་ཐོག་ནས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས་ལ། ལས་གནས་གཉིས་ལ་བརྟེན་ནས་ལེགས་སྐྱེས་འབུལ་བ་དང་། དོན་དངོས་ལ་ཟབ་འཇུག་བྱེད་པ། བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱེད་པ་བཅས་བྱས་ཏེ་གྲོས་གཞིའི་འགན་འཁྲི་སྒྲུབ་ནུས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས། གྲོས་གཞི་གཉེར་སྒྲུབ་བྱེད་མཁན་གྱིས་སྔར་བས་སྲིད་ཇུས་ཤེས་རྟོགས་དང་། ལས་སྒོ་བྱང་ཆུབ་པ། འགན་འཁྲི་ཤུགས་ཆེར་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་གྲོས་གཞི་ཚང་མར་ལྟ་སྟངས་ནན་ཏན་འཛིན་རྒྱུ་དང་གཉེར་སྒྲུབ་ཡག་པོ་བྱས་ཐོག གྲོས་གཞིའི་མཇུག་འབྲས་དངོས་སྒྱུར་དང་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱ་ཆེའི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་པས་སྔར་བས་སློབ་སྦྱོང་ལ་ཤུགས་སྣོན་དང་ཤེས་བྱ་གསར་སྒྱུར་བྱས་ཏེ་དུས་རབས་ཀྱི་བླང་བྱ་དང་འཚམ་པ་བྱས་ཁར། ཆབ་སྲིད་ཤེས་རྟོགས་བྱེད་ནུས་དང་། སྒྲིག་འཛུགས་མཐུན་སྦྱོར་བྱེད་ནུས། འགན་འཁྲི་དང་ཞབས་ཞུ་སྒྲུབ་ནུས་བཅས་ཤུགས་ཆེར་བཏང་ནས་གནས་གཅེས་ལས་བརྩོན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དོན་གཉེར་གསར་གཏོད་བྱེད་པ་བཅས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། རང་ལྗོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་སྤེལ་གཏོང་དགོས།

    ཨུ་ཡོན་རྣམ་པ། ཏང་གི་ཚོགས་ཆེན་བཅུ་དགུ་པས་ང་ཚོར་བརྗིད་ཆེའི་པིར་རིས་བཀོད་ཡོད་ལ། ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་ཀྱང་གཏན་འཁེལ་གསལ་པོ་བྱས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དོན་གཉེར་འབད་འབུངས་དང་། མཐུན་སྒྲིལ་འབད་འཐབ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐོག་ནས་རང་ལྗོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་མཐའ་མའི་རྒྱལ་ཁ་ལེན་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བའི་བོད་ལྗོངས་ཀྱི་ལེའུ་བརྩམ་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།