དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-31

    478706_yis_1517330804213.jpg

    ཟླ་1ཚེས་30ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་རྒྱལ་ཁའི་ངང་གྲོལ་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་དེ་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་བློ་མཐུན་ཁྲའེ་ཕིང་ཝུའུ་ཡིས་ཙུའུ་ཀྲང་གནང་བའི་ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བརྒྱུད་རིམ་ཆ་ཚང་གི་མཛུབ་ཁྲིད་གནང་བའི་འོག་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད། གཏན་འཁེལ་བྱས་པའི་གྲོས་རིམ་ཁག་ཚང་མ་བདེ་བླག་ངང་ལེགས་གྲུབ་ཟིན་ནས་རྒྱལ་ཁའི་ངང་གྲོལ་རྒྱུ་རེད།

    གོང་ལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེས་གལ་ཆེའི་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། དེ་བཞིན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་ཚན་ཁག་ལ་རེ་བ་ནན་པོ་བཅོལ་བ་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ང་ཚོས་ངེས་པར་དུ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བྱ་སྤྱོད་ངོ་མ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་གནང་བར་དྲིན་ལན་འཇལ་དགོས།

    འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ། ཐེངས་འདིའི་ཚོགས་འདུའི་ཐོག་འབྱུང་འགྱུར་ལོ་ལྔའི་རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ཅིང་། དམངས་གཙོ་དང་ཁྲིམས་སྐྱོང་དར་སྤེལ་གཏོང་བའི་ཐབས་ལམ་ཁ་གསལ་བཏོན་ཡོད་ཁར། དར་ཆ་མཐོན་པོར་བསྒྲེངས་ཤིང་། མཐུན་སྒྲིལ་འབད་འཐབ་དང་། དམངས་གཙོ་དོན་གཉེར། སེམས་ཤུགས་གཅིག་སྒྲིལ་བཅས་བྱེད་པའི་རྩ་བའི་དགོངས་གཞི་ཡོངས་སུ་མངོན་ཡོད་པ་དེ་ཐོག་ནས་ང་ཚོའི་འདས་ཟིན་པའི་སྐབས་རིམ་བྱུང་གི་ཚན་ཁག་གིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་འབད་བརྩོན་ཆེན་པོས་རྩོམ་ཐུབ་ངེས་རེད། འདིར་ངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྐབས་རིམ་བྱུང་གི་འགོ་ཁྲིད་རྒན་གྲས་དང་ལས་འཁྱུར་ཞུས་པའི་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཚོགས་ཆེན་ལ་ཞབས་ཞུ་དང་འགན་སྲུང་བྱེད་མཁན་འབྲེལ་ཡོད་སྡེ་ཚན་དང་ལས་བྱ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ཐེངས་འདིའི་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་བདམས་ཐོན་བྱུང་བ་མ་ཟད། གུས་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་རྒྱུར་མུ་མཐུད་བདམས་གནང་བ་དེ་ནི་འཐུས་མི་རྣམ་པས་ཡིད་ཆེས་གནང་བ་དང་མི་དམངས་ཀྱིས་མངགས་བཅོལ་ཟབ་མོ་གནང་བ་ཞིག་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ། རང་འགན་གཙང་སྒྲུབ་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་འགན་འཁྲི་གསར་པ་དང་ལས་འགན་གསར་པ་ཡོངས་སུ་ལེགས་འགྲུབ་བྱས་ཏེ་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཡག་པོ་ཞིག་འབུལ་རྒྱུ་ཡིན།

    ང་ཚོས་སྲོག་ཤིང་གི་རྗེས་སུ་དམ་པོར་འབྲངས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཡང་དག་པའི་ཁ་ཕྱོགས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་འཁྱོངས་བྱེད་དགོས་ཤིང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”འགྱུར་མེད་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཐོག གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་བའི་འགྲོ་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་བསྐྱོད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གལ་ཆེའི་རྩ་དོན་དང་ནང་དོན་གཙོ་བོ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་གནང་རྒྱུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

    ང་ཚོས་ལྟེ་བར་དམ་པོར་དམིགས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས་ཤིང་། བོད་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་མཉམ་གནས་ཡིན་པའི་དོན་དངོས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཐོག གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་དོན་ཆེན་གསུམ་ལ་དམ་པོར་དམིགས་ཏེ་ཉེན་ཁ་ཚབས་ཆེའི་རིགས་འགོག་སེལ་དང་། གནད་འཕིགས་དབུལ་སྐྱོར། སྦགས་གཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་ལས་དོན་ཆེན་པོ་གསུམ་ལེགས་འགྲུབ་དང་། རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་གསུམ་མངོན་འགྱུར་ཐུབ་པའི་ཐོག ཁྲིམས་འཛུགས་དང་། ལྟ་སྐུལ། གཏན་འབེབས། བསྐོ་འཐེན་བཅས་བྱེད་པའི་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་ཏེ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་འཛིན་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། འཇོན་ཐང་ཆེ་བའི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཀྱི་གོང་འཕེལ་ལམ་བུར་བསྐྱོད་ཐོག རླབས་ཆེན་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    ང་ཚོས་དམངས་སེམས་དང་ཉེ་བར་བཅར་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲུང་སྐྱོང་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་བཀུར་ཏན་ཏིག་བྱེད་པ་དང་རྒྱ་ཁྱབ་ཏུ་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། དམངས་ཀྱི་འདོད་བློ་གང་ལེགས་མཚོན་པར་བྱེད་པ། དམངས་ཀྱི་བློ་རིག་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ་བཅས་ཀྱི་འབྲེལ་ཐག་གི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་བརྩོན་སེམས་ཐོག་ནས་རྨང་གཞི་བརྟན་དུ་བཏང་ནས་ཕུགས་ལ་ཕན་པ་དང་། དམངས་སེམས་འགུགས་ཐབས་བྱས་ནས་དམངས་འདོད་དང་མཐུན་པའི་བྱ་བ་དངོས་མང་ཙམ་བསྒྲུབས་ཁར། མི་དམངས་འཐུས་མི་ཚོགས་ཆེན་གྱི་དམངས་གཙོའི་ཐབས་ལམ་གཙོ་བོ་འདི་བརྒྱུད་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དུས་བསྟུན་ཡར་རྒྱས་དང་འཐུས་ཚང་གོང་འཕེལ་ཡོང་རྒྱུར་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་སྦྱིན་དགོས།

    འཐུས་མི་རྣམ་པ་དང་བློ་མཐུན་རྣམ་པ། དུས་རབས་ཀྱིས་ང་ཚོར་དཀྲིས་པའི་འགན་འཁྲི་ནི་གཟི་བརྗིད་ཆེ་ལ་བླ་ན་མེད་པ་ཞིག་དང་། མི་དམངས་ཀྱིས་ང་ཚོར་བཅོལ་བའི་རེ་བ་ནི་ནན་ལ་ཟབ་པ་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བའི་བོད་ཀྱི་ལེའུ་ཡག་པོ་རྩོམ་རྒྱུ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས། (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།