བློ་བཟང་རྒྱལ་མཚན།
ཆེ་དགྲ་ལྷ།
ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཤིང་། མིང་མ་བཀོད་པར་འདེམས་ཤོག་འཕེན་པའི་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་བདམས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། དྲུང་ཆེ། ཨུ་ཡོན་བཅས་བདམས་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་བདམས་པ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བདམས་པ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བདམས་པ་རེད།
ཐེངས་འདིའི་ཚོགས་ཆེན་ལ་འཐུས་མི་439ཕེབས་དགོས་པ་དང་དངོས་སུ་འཐུས་མི་412ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུ་དེ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བ་རེད།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་སོགས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའི་སྐབས་བརྗེའི་སྲོལ་བཟང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བློ་མཐུན་ཚོགས་ཆེན་དུ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ཚོགས་ཆེན་ཐོག་དང་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་འདེམས་བསྐོ་བྱ་ཐབས་དང་འཐུས་མི་24ལས་གྲུབ་པའི་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོར་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། དེ་རྗེས་འདེམས་བསྐོ་བྱེད་འགོ་དངོས་སུ་ཚུགས་པ་རེད། འདེམས་ཤོག་འཕེན་ཚར་རྗེས་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་བླུགས་སྒམ་ཕྱེ་སྟེ་འདེམས་ཤོག་བཏོན་པ་དང་། འདེམས་ཤོག་གྲངས་ཀ་རྒྱག་མཁན་ལས་དོན་པས་འདེམས་ཤོག་གྲངས་བཤེར་དང་ཞིབ་བསྡུར་བྱས་པ། འདེམས་ཤོག་རྩིས་བརྒྱབ་པའི་མཇུག་འབྲས་ལ་གཞིགས་ཏེ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེས་འདེམས་བསྐོ་གོ་ཆོད་པ་ཁྱབ་བསྒྲགས་གནང་བ་རེད།
འདེམས་ཤོག་གྲངས་ཀ་བརྒྱབ་རྗེས་ལས་དོན་པས་འདེམས་ཤོག་གི་རྩིས་འབྲས་སྒྲོག་སྦྱངས་བྱས་པ་དང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེས་འདེམས་བསྐོའི་འབྲས་བུ་ཁྱབ་བསྒྲགས་གནང་བ་རེད།
ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་བདམས་ཐོན་བྱུང་བ་རེད།
བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དང་། རྡོ་ཐོགས་དང་། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་བ། ལིའུ་ཀོང་ཤུས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན་བྱུང་བ། མི་37བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།
ཆེ་དགྲ་ལྷ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་། ཀྲོང་ཡན་དང་། ནོར་བུ་དོན་གྲུབ། ཅང་ཅེ། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ལིའུ་ཅང་། དབང་ཧའེ་ཀྲོའུ། ཧྲི་མོའུ་ཅུན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། བློ་མེས། མོང་ཞའོ་ལིན། འཇམ་དཔལ་བཅས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་རེད།
ཝང་གཡུང་ཅུན་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་རེད།
བསོད་དར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་ལ་བདམས་ཐོན་བྱུང་བ་རེད། ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བདམས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་སྙན་སེང་ཞུས་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།
འདེམས་བསྐོའི་འབྲས་བུ་ཁྱབ་བསྒྲགས་བྱས་རྗེས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
ཚོགས་ཆེན་ཐོག་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་མི་སྣའི་གདམ་བྱའི་འོས་མིའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་ཡང་བྱུང་བ་རེད།