དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་གཟབ་རྒྱས་ངང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-25

    476165_yis_1516812018566.jpg

    ཟླ་1ཚེས་24ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ།

    476267_yis_1516817536642.jpg

    ཟླ་1ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འགོ་ཚུགས་པ་རེད། 

    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏིང་ཡེ་ཤན་བཅས་ཕེབས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། 

    པད་མ་འཕྲིན་ལས་དང་། ཀྲོང་ཡན། ཞུས་ཡུང་། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལེགས་མཆོག རྡོ་ཐོགས། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། ལིའུ་ཀོང་ཞུས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་ཕེབས་པ་མ་ཟད། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། 

    ཀྲུང་དབྱང་སྒྲིག་ཨུད་དང་ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་གནང་བ་མ་ཟད་མཛུབ་ཁྲིད་ཀྱང་གནང་བ་རེད། 

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་འཐུས་མི་439ཕེབས་དགོས་པ་དང་དངོས་སུ་འཐུས་མི་415ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད། 

    སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཚོགས་ཞུགས་མི་སྣ་ཡོངས་ཡར་བཞེངས་ནས་རྒྱལ་གླུ་བཏང་བ་རེད། 

    ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་དྲན་དང་། སླད་ཕྱིན་གྱི་ལོ་ལྔའི་རིང་གི་ལས་དོན་གྱི་དམིགས་ཚད་དང་ལས་འགན། 2018ལོའི་ལས་ཀའི་བཀོད་སྒྲིག་བཅས་ཁག་གསུམ་ལ་དབྱེ་ཡོད་པ་རེད། ཆེ་དགྲ་ལྷས་འདས་ཟིན་པའི་ལོ་ལྔ་ནི་བོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་འཐབ་ཇུས་དགོངས་པ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ་དང་། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ། དམངས་འཚོ་ནི་ཁྲིད་ཕྱོགས་ཨང་དང་པོ། སྣོད་བཅུད་ནི་དམར་ཐིག་ཨང་དང་པོ་བཅས་མཐའ་འཁྱོངས་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་། “663”ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་ནས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གསུངས། 

    ཆེ་དགྲ་ལྷས་སྙན་སྒྲོན་ནང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་གཏོང་བ་དང་། སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཚན་སློབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱོགས་སྡོམ་གནང་བ་རེད། ཆེ་དགྲ་ལྷས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐུགས་ལ་བཅངས་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བདེའི་འཚོ་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། དམག་དམངས་ཀྱི་མཐའ་བརྟན་མཐའ་སྲུང་བཅས་ལ་ཐུགས་རེ་ཟབ་མོ་དང་མངགས་བཅོལ་ཟབ་མོ་གནང་གི་ཡོད་ཅེས་གསུངས།

    ཆེ་དགྲ་ལྷས་ལོ་ལྔའི་རིང་སྐབས་འདིའི་སྲིད་གཞུང་གིས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་རྩ་ཆེའི་ཉམས་མྱོང་བསགས་ཡོད། གཅིག་ནས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་ངེས་པར་དུ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་ངེས་པར་དུ་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱེད་དགོས་པ། ལྔ་ནས་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད་ཅེས་གསུངས།

    ཆེ་དགྲ་ལྷས་འབྱུང་འགྱུར་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་གཙོ་བོ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་ཚབ་མཚོན་བྱས་པའི་ཁ་ཕྲལ་ཕྱོགས་གཏོགས་བར་གྱི་དམིགས་བསལ་འགལ་བར་དམ་པོར་དམིགས་ཏེ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་དགོངས་པ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཉེན་ཁ་ཆེན་པོ་འགོག་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། “འཐབ་ཇུས་ཆེན་པོ་བདུན”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་གཞི་རྩའི་བྱ་ཐབས་སུ་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཧུར་ཐག་འཛུགས་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ་པའི་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་ཐུབ་པའི་འགན་ལེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་ཚོགས་ཆེན་ཐོག་མ་འོངས་ལོ་ལྔའི་ལས་དོན་གྱི་སྤྱིའི་དམིགས་ཚད་སྙན་སྒྲོན་གནང་ཞིང་། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་ལ་ཤུགས་སྣོན་བཅས་འབུར་དུ་ཐོན་པར་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་པར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་བར་སླེབས་པར་བྱེད་པ། གཞི་རྩའི་ཐོན་ལས་ཞབས་ཞུའི་དམིགས་ཚད་གཙོ་བོ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དང་འདྲ་བའམ་ཡང་ན་དེར་སླེབས་པར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མགྱོགས་མྱུར་ལེགས་སུ་གཏོང་བ། ལྗང་མདོག་ཐོན་ལས་ཀྱི་མ་ལག་དང་ཁྲོམ་རའི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱ་ཁྱབ་ངང་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་དུས་བབ་ཕྱོགས་ཡོངས་ནས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། མཐའ་སྲུང་རྒྱུན་མཐུད་བརྟན་པོ་བཅས་ཡོང་བར་བྱེད་དགོས། གོང་གསལ་གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ང་ཚོས་བདེ་སྐྱིད་ཁམས་བཟང་གི་འདུ་འགོད་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་འདུ་འགོད། མཐའ་སྲུང་བོད་བརྟན་གྱི་འདུ་འགོད། ཚན་སློབ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བའི་འདུ་འགོད། གསར་གཏོད་སྣེ་ཁྲིད་ཀྱི་འདུ་འགོད། རྨང་གཞིར་སྐུལ་འདེད་གཏོང་བའི་འདུ་འགོད། རིག་གནས་དར་རྒྱས་ཀྱི་འདུ་འགོད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདུ་འགོད། ཐོན་ལས་དམངས་ཕྱུག་གི་འདུ་འགོད། ཞི་མཐུན་བརྟན་ལྷིང་གི་འདུ་འགོད་བཅས“འདུ་འགོད་ཆེན་པོ་བཅུའི”ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་དགོས།

    ཆེ་དགྲ་ལྷས་འདི་ལོའི་དམིགས་ཚད་གཙོ་བོ་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་10%ཡས་མས་ཟིན་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་18%ཡས་མས་ཟིན་རྒྱུ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་འཕར་ཚད་7%ཡས་མས་ཟིན་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྗས་སིལ་ཚོང་བསྡོམས་འབོར་འཕར་ཚད་13%ཡན་ཟིན་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་10%ཡན་ཟིན་རྒྱུ། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་13%ཡན་ཟིན་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་4%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་བསྡུར་ཚད་5.5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཤོར་བསྡུར་ཚད་3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་ཕྱོགས་ཡོངས་ནས་བརྟན་ལྷིང་དང་སྣོད་བཅུད་ཁོར་ཡུག་སྤྱིའི་ཆ་ནས་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་བཅས་རེད་ཅེས་གསུངས། ཁོང་གིས་འདི་ལོ་ཕྱོགས་བརྒྱད་ཀྱི་ལས་དོན་ལ་གཙོ་གནད་དམ་འཛིན་བྱ་རྒྱུ་སྟེ། འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་དགོས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། སྒྱུར་བཅོས་སྒོ་འབྱེད་ཟབ་ཏུ་གཏོང་དགོས་པ། ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ་བཅས་བསྟན་པ་རེད།

    ཆེ་དགྲ་ལྷས་ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་སྲོག་ཤིང་གི་རྗེས་སུ་དམ་པོར་བསྙེགས་ཏེ་དམངས་སེམས་ཐོབ་པར་བྱེད་པ་དང་། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཏང་གི་འགོ་ཁྲིད་སྲིད་གཞུང་གི་ལས་ཀའི་མགོ་ནས་མཇུག་བར་ཁྱབ་རྒྱུར་ཤུགས་སྣོན་རྒྱག་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཁྲིམས་ལྟར་སྲིད་འཛིན་ཏན་ཏིག་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ། ལས་ཀའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། དད་སེམས་ཉམས་སད་ཐེག་ཐུབ་པ་དང་། ཆབ་སྲིད་ཉམས་སད་ཐེག་ཐུབ་པ། འགན་འཁྲི་ཉམས་སད་ཐེག་ཐུབ་པ། འཇོན་ཐང་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ་བཅས་དངོས་འབྲེལ་ཡོང་བར་བྱས་ནས་སྤྱོད་གཙང་དང་། ནུས་ཆེ། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་སྲིད་གཞུང་ཞིག་ཧུར་ཐག་སྐྲུན་དགོས་ཞེས་གསུངས།

    མཇུག་ཏུ་ཆེ་དགྲ་ལྷས་སྙན་སྒྲོན་གནང་སྐབས་དུས་རབས་གསར་པས་འགན་འཁྲི་གསར་པའི་རེ་བ་བཏོན་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་བྱ་སྤྱོད་གསར་པ་ཡོད་དགོས། ང་ཚོའི་ཡིད་ཆེས་ཧ་ཅང་བརྟན་ལ་ང་ཚོའི་བློ་སྟོབས་དེ་བས་ཀྱང་བརྟན་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་སྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་དེ་བཞིན་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་བཀྲམ་ནས་ཞིབ་བཤེར་གནང་རྒྱུ་དང་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།

    ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་སྐོར་གྱི་གཏན་འབེབས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་འོས་མིའི་སྐོར་གྱི་བརྡས་ཐག་གཅོད་ཐབས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་སྐོར་གྱི་མཚན་ཐོ་བཅས་ལ་ཕྱག་བརྐྱངས་ནས་གྲོས་འཆམ་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར(ས་ཁུལ)རྫོང(ཆུས)ཀྱི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་སོཌ་ཀྱི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཞུཌ་པ་རེད།

    ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་འགན་འཁུར་བས་ཚོགས་ཆེན་ཟུར་ཉན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།