བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་དང་ཆུའི་སྦགས་བཙོག་དངོས་པོར་འོས་འཚམ་ཁྲལ་བསྡུའི་ཚད་གཞིའི་གཏན་འབེབས(འཆར་ཟིན)〉གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲོས་གཞི》ཉན་པ་དང་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲོས་ཞིབ་བསམ་འཆར་ལ་མོས་མཐུན་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོ་དང་ཆུའི་སྦགས་བཙོག་དངོས་པོར་འོས་འཚམ་ཁྲལ་བསྡུའི་ཚད་གཞིའི་གཏན་འབེབས(འཆར་ཟིན)》ལ་ཆོག་མཆན་སྤྲོད་རྒྱུའི་ཐག་བཅད་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་པ་དང་དགུ་པའི་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པའི་ཐོག་གཏན་འབེབས་བྱས་དོན།
བོད་རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོའི་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བསྡུ་བའི་ཚད་གཞི་ནི་སྦགས་བཙོག་གི་འཚམ་ཚད་རེར་སྒོར་1.2ཡིན་པ་དང་། ཆུའི་སྦགས་བཙོག་དངོས་པོའི་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བསྡུ་བའི་ཚད་གཞི་ནི་སྦགས་བཙོག་གི་འཚམ་ཚད་རེར་སྒོར་1.4ཡིན་པ། ཕྱིར་འབུད་བྱེད་ས་གཅིག་པའི་འཇལ་དགོས་པའི་སྦགས་བཙོག་དངོས་པོའི་རྣམ་གྲངས་ཀྱི་གྲངས་ཀ་མི་སྤོར་བར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བཅའ་ཁྲིམས》ཀྱི་དོན་ཚན་དགུ་པའི་ནང་གསེས་དང་པོ་དང་གཉིས་པའི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱ་རྒྱུ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ལྗོངས་ཀྱི་ཁོར་ཡུག་ཐེག་ནུས་དང་སྦགས་བཙོག་ཕྱིར་འབུད་གནས་ཚུལ་གྱི་འགྱུར་ལྡོག་དང་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཀྱི་འཕེལ་རྒྱས་དམིགས་ཚད་བླང་བྱ་གཞིར་བཟུང་། དུས་དང་བསྟུན་ནས་ཁྲལ་འབབ་ལ་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།
གཏན་འབེབས་དེ་2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།