ཚེས་13ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། ཀྲོའུ་ཁྲུན་ལའེ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ཞུས་ཞོལ་ཀོང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་ཆུང་གི་ལས་ཀའི་ཚོགས་ཆུང་10ཡི་ལས་འགན་དོན་འཁྱོལ་དང་ལས་དོན་སྤེལ་ཚུལ་གསན་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ལས་དོན་ཚོགས་ཆུང་ཁག་གིས“ལས་འགན་ཁ་གསལ་དང་ལས་བགོས་ཞིབ་ཕྲ་བརྒྱབ་སྟེ་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་གནད་སྨིན་དོན་འཁྱོལ་ཡོང་བ་བྱེད་དགོས་པའི”བླང་བྱ་གཞིར་བཟུང་། འགན་ནན་པོ་ཁུར་བ་དང་ལས་དོན་ཏན་ཏིག་སྤེལ་ཏེ་གྲ་སྒྲིག་ལས་དོན་ཁག་ལ་གོམ་སྟབས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་རང་ལྗོངས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། ད་རེས་ཀྱི་ཚོགས་ཆེན་ཡག་པོ་འཚོག་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པ་དང་དམིགས་ཚད་གསར་པའི་ཕྱོགས་སུ་འབད་འཐབ་ཆེན་པོས་མདུན་སྐྱོད་ལ་ལྕག་སྐུལ་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། གྲ་སྒྲིག་ཚོགས་ཆུང་གི་བློ་མཐུན་ཡོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ནས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱེད་པ། གྲ་སྒྲིག་ལས་དོན་ལེགས་གྲུབ་ཏན་ཏིག་བྱེད་པ་བཅས་ཀྱིས་ཚོགས་ཆེན་གྱི་སྒྲིག་འཛུགས་ཆུ་ཚད་དང་། ཞབས་ཞུའི་ཆུ་ཚད། དོན་དངོས་ཀྱི་ཕན་འབྲས་ཀྱི་ཆུ་ཚད་བཅས་ཆེ་རུ་འགྲོ་ཐུབ་པའི་བརྩོན་ལེན་བྱེད་དགོས། “ནན་ཏན་དང་། ཞིབ་ཚགས། ཏན་ཏིག སྤུས་ལེགས”བཅས་བྱས་ཏེ་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་དང་། མཐུན་སྦྱོར་གཞོགས་འདེགས་ཧུར་ཐག འཕྲལ་སྡོམ་སྔོན་ཇུས་ཡག་པོ་བཟོ་བ་བཅས། ལས་ཀའི་ཁུག་ཀྱོག་མ་ལུས་པ་དང་། འཕྱུགས་པ་གཏན་ནས་མེད་པ། ནོར་འཛོལ་གཏན་ནས་མི་ཡོང་བ་བཅས་བྱེད་དགོས། ཡིག་ཆ་རེ་རེའི་སྤུས་ཚད་དང་ཕྱིར་གཏོང་ལ་དོ་དམ་ནན་པོ་དང་བསྡུས་འཕྲིན་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་དགོས། ལས་ཀའི་སྒྲིག་ལམ་ནན་དུ་དང་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ནན་དུ་གཏོང་དགོས། འདས་པའི་ལོ་ལྔའི་རིང་གི་འཕོ་འགྱུར་ཆེན་པོ་ཡག་པོ་མངོན་པར་བྱེད་པ་དང་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ལ་བརྡ་ལན་ཡག་པོ་སྤྲད་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་མཐུན་སྒྲིལ་དང་། ངར་ཤུགས་འཕེལ་བ། དམངས་གཙོ། དངོས་སྒྲུབ། བདེ་འཇགས། ཕུན་སུམ་ཚོགས་པོ་བཅས་ཀྱི་ཚོགས་འདུ་ཞིག་ཏུ་འཚོག་ཐུབ་པར་བྱས་ཏེ། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། ལྗོངས་ཏང་ཨུད་ཐུགས་བློ་བདེ་པོ། འཐུས་མི་ཡོངས་བློ་ཡིད་ཚིམས་པོ། མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམས་པོ་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།