དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-01-12

     ཚེས་9ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། གད་སྙིགས་གཙང་སེལ། བཙོག་ཆུ་གཙང་གསིང་། གྲོང་ཚོ་བཀོད་གཙང་བཅས་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སྐོར་གྱི་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གནང་བ་རེད།

    ཅང་ཅེས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་དང་། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ལས་དོན་གྱི་ཚོགས་འདུ་ཐེངས་གསུམ་པ། རྒྱལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་དང་ཡུལ་ལྗོངས་མཛེས་ལ་མང་ཚོགས་ཕྱུག་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུའི་ཞིབ་ཕྲའི་བྱ་སྤྱོད་ཅིག་བཅས་ཡིན་ལ། ལྗང་མདོག་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་བ་ཞིག་ཡིན་པ་མ་ཟད། མི་དམངས་ལྟེ་བར་བྱེད་པའི་སྲིད་སྐྱོང་འདུ་ཤེས་དང་སྲིད་སྐྱོང་ནུས་པ་ཡང་མངོན་ཡོད། འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་བརྒྱུད། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་། གད་སྙིགས་དང་བཙོག་ཆུ་གཙང་སེལ། གྲོང་ཚོའི་བཀོད་པ་རྗེས་ལུས་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་འགྱུར་ཡོད་ཅེས་གསུངས་པ་རེད།

    ཅང་ཅེས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ཉིན་རེའི་ལས་དོན་གྱི་གྲོས་རིམ་གལ་ཆེན་ནང་བཞག་ནས་དམ་འཛིན་ནན་པོ་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་མངོན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་ཁྲིད་བྱེད་དགོས། དེང་གི་དུས་སུ་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་གསིང་། གྲོང་གསེབ་ཀྱི་རྣམ་པ་ལེགས་བཅོས་བཅས་ཀྱི་གཙོ་གནད་ཆེན་པོར་དམིགས་པ་དང་། གངས་ལྗོངས་ས་མཐོའི་མཐོ་ཞིང་གྲང་བའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱས་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་རིག་པས་ཁུངས་སྐྱེལ་ཡག་པོ་བྱས་ནས་གད་སྙིགས་དང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་སྟབས་བདེ་དང་དངོས་སྤྱོད་ཐུབ་རྒྱུར་དོ་སྣང་བྱེད་དགོས་པ་ལས་ཕྱི་མཛེས་ནང་སྟོང་གི་རྣམ་པ་ཙམ་གྱི་འདུ་འགོད་གཉེར་མི་ཆོག་པ། གསུམ་ནས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་འདོམས་འཆར་འགོད་དང་རིམ་དབྱེ་ལག་བསྟར་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་། སྤྱི་ཚོགས་ཞུགས་པ། ཁེ་ལས་ཀྱི་མ་འཇོག་བཅས་ཟུང་འབྲེལ་བྱེད་པའི་མ་འཇོག་ལམ་སྲོལ་འཛུགས་དགོས། སྲིད་གཞུང་གིས་ཁྲིད་སྟོན་གཙོ་བོ་བྱེད་པ་དང་སྤྱི་ཚོགས་ཧྲིལ་པོ་ཐུན་མོང་ཐོག་ཞུགས་པའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་ལམ་སྲོལ་འཛུགས་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་ནས་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་རིམ་བཞིན་ཆགས་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།